ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སོ་ཏི་ཨ་རབ་ཀྱི་གསར་འགོད་པ་གར་སོང་མ་རྙེད་པའི་གྱོད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། 
2018.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34


ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བདུན་ཉིན་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས་ཏེ། མིག་སྔར་དབྱི་སི་ཐན་པོར་དུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཁཱ་ཧྲུའུ་ཅི་གར་སོང་མ་རྙེད་པའི་གྱོད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། 

གྲོས་མོལ་བྱས་རྗེས་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕིན་ཕའེ་ཨོ་སོགས་ཀྱིས་ཐུར་ཁེ་ཕྱོགས་ལ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གྱོད་དོན་དེར་བཟུང་བའི་ལྟ་ཚུལ་བརྒྱུད་སྒྲོག་བྱས་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་སྔ་ཉིན་སོ་ཏི་ཨ་རབ་ཀྱི་མགོ་ཁྲིད་པ་དང་གྲོས་མོལ་བྱས་པའི་མཇུག་འབྲས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་ཡོད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ནན་གྱིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་གཞོགས་འདེགས་ཐོབ་པར་རེ་བཞིན་ཡོད་པ་དང་། ཐུར་ཁེའི་མི་སྣ་ཚེས་བཅུ་བདུན་ཉིན་དབྱི་སི་ཐན་པོར་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་དུ་སོང་ནས་རྟོག་ཞིབ་བྱེད་པར་འཐད་པ་བྱུང་། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་ཐན་པོར་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་ཨོ་ཐེ་པུས་ཚེས་བཅུ་དྲུག་ཉིན་ཐུར་ཁེ་དང་བྲལ་ནས་སོ་ཏི་ཨ་རབ་ཏུ་ལོག་ཡོད་པ་རེད། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་དང་ཨ་མེ་རི་ཁའི་ཆོས་དཔོན་པུའུ་ལོན་སིན་ཕྱིར་གཏོང་བ་སོགས་གནད་དོན་ལའང་གྲོས་བསྡུར་བྱས་ཟེར། 

ཕིན་ཕའེ་ཨོ་ཡིས་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་རྗེས། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཨན་ཁཱ་ལཱ་རུ་འབྱོར་ནས་དུས་ཡུན་ཐུང་ངུའི་འཚམས་འདྲི་བྱས་པ་རེད།