ཨུ་རུ་སི་དང་འཇར་པན་གྱིས་སུའུ་ལེན་དང་འཇར་པན་གྱི་ཐུན་མོང་བསྒྲགས་གཏམ་རྨང་གཞིར་བྱས་ཏེ་ཞི་བདེའི་ཆིངས་ཡིག་གི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་འཐད་པ་བྱུང་།
2018.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36


ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་སིང་ག་ཕོར་ནས་མགོ་གཙོའི་གྲོས་མོལ་སྤེལ། ཕྱོགས་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་ང་དྲུག་ལོའི་སུའུ་ལེན་དང་འཇར་པན་གྱི་ཐུན་མོང་བསྒྲགས་གཏམ་རྨང་གཞིར་བྱས་ཏེ། ཞི་བདེའི་ཆིངས་ཡིག་གི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་གྲོས་འཆམ་བྱུང་།
ཨུ་རུ་སིའི་གསར་འགྱུར་སྨྱན་བྱད་མང་བོས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། དེ་ལས་ཨུ་རུ་སི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་སུའུ་ལེན་དང་འཇར་པན་གྱི་ཐུན་མོང་བསྒྲགས་གཏམ་གཞིར་བཟུང་སྟེ་སྔོན་ལ་ཆིངས་ཡིག་འགོད་པ་དང་རྗེས་སུ་གླིང་ཕྲན་སྟེར་བའི་རྩ་དོན་ལྟར་གྲོས་མོལ་ལ་ཡར་སྐུལ་གཏོང་བར་ཡིད་འཐད་བྱུང་ཡོད་པ་མཚོན་ཡོད་ཟེར།
ཕུའུ་ཅིན་དང་ཨན་པའེ་ཅིན་སན་གྱིས་སིང་ག་ཕོར་སྤེལ་བའི་ཨེ་ཤ་ཡཱའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པའི་སྐབས་སུ་ཐེངས་འདིའི་གྲོས་མོལ་སྤེལ་བ་རེད། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་དེ་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་འགོར་ཡོད་ཟེར། ཨན་པའེ་ཅིན་སན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁོངས་གནད་དོན་ཐག་གཅོད་བྱེད་པ་དང་ཞི་བདེའི་ཆིངས་ཡིག་འགོད་རྒྱུ་ཡིན། ཁོ་དང་ཕུའུ་ཅིན་གཉིས་ལ་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ་བདུན་ཅུ་ལྷག་འགོར་བའི་རིང་གི་གནད་དོན་དེ་ཐག་གཅོད་བྱེད་པའི་རེ་འདུན་དྲག་པོ་ཡོད་ཟེར།
ཕུའུ་ཅིན་གྱིས་ཨན་པའེ་ཅིན་སན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་རྒྱུན་དུ་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་མཉམ་ལས་བྱེད་ཕྱོགས་ཚང་མར་གྲོས་མོལ་བྱེད་འདོད་ཡོད་ཟེར།