དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཤུགས་ཆེན་པོས་འདེམ་བསྐོ་སྔ་སྣུར་བྱེད་པར་སྔོན་འགོག་བྱེད་རྒྱུའི་ཚུལ་བསྟན།
2018.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25


དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། འབད་བརྩོན་ཆེན་པོ་བྱས་ཏེ་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བར་སྔོན་འགོག་བྱེད་པ་དང་། གཡས་ཕྱོགས་མཉམ་འབྲེལ་སྲིད་གཞུང་སོར་འཇོག་བྱེད་རྒྱུ་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་ནས་སྤེལ་གསལ་སྒྲོག་ནང་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བར་ཐག་བཅད་པ་ཁས་ལེན་མ་བྱས། འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བར་ཐག་བཅད་པར་བཤད་པའི་གནས་ཚུལ་དེ་ཡང་དག་མིན་ཟེར། ཁོས་པུའུ་ཀྲང་རྣམས་ཀྱིས་གཡས་ཕྱོགས་སྲིད་གཞུང་རྩ་རྫོགས་བྱེད་མི་སྲིད་པར་ཡིད་ཆེས་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཡིའུ་ཐེ་བའི་ཁྱིམ་གཞིའི་ཏང་གི་གཙོ་འཛིན། སློབ་གསོའི་པུའུ་ཀྲང་པེ་ནེ་ཐི་དང་མཉམ་དུ་གྲོས་ཚོགས་བསྡུས། ཡིའུ་ཐེ་བའི་ཁྱིམ་གཞིའི་ཏང་གིས་བསྒྲགས་པ་ལྟར་ན། འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བའི་ཆོད་དོན་སྤེལ་ཡོད་པ་དང་། མཉམ་འབྲེལ་སྲིད་གཞུང་གི་ཏང་ཁག་སོ་སོའི་གཙོ་འཛིན་གྱིས་ཚེས་བཅོ་བརྒྱད་ཉིན་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བའི་དུས་ཚོད་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བ་ལྡོག་ཏུ་མེད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་མ་དགའ་བའི་དབང་གིས། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ལེ་པའོ་མན་གྱིས་ཚེས་བཅུ་བཞིའི་ཉིན་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཚེས་བཅོ་ལྔ་ཉིན་ནེ་ཐཱ་ནི་ཡཱ་ཧུའུ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་པ་རེད།