ཕུའུ་ཅིན་གྱིས་ཐུར་ཁེ་ལ་འཚམས་འདྲི་བྱས་ཏེ་ཨེ་ཨར་ཏའོ་ཨན་དང་མཉམ་དུ་ཨུ་རུ་སི་དང་ཐུར་ཁེའི་རླངས་འདྲེན་སྦུག་ལམ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས། 
2018.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18


ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དགུའི་ཉིན་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་དུ་འཚམས་འདྲི་བྱས་པ་དང་། ཐུར་ཁེའིི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་མཉམ་དུ་ཐུར་ཁེ་ལ་ཨུ་རུ་སི་ནས་ཐོན་སྐྱེད་བྱས་པའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་སྦུག་ལམ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས། 

ཐུར་ཁེ་ནི་ཨུ་རུ་སིའི་རང་བྱུང་སོལ་རླངས་ཉོ་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། ཐུར་ཁེའི་རླངས་འདྲེན་སྦུག་ལམ་ལས་གཞི་དེ་ན་ནིང་ཟླ་ལྔ་བར་ལས་མགོ་བརྩམས་པ་ཡིན་ཞིང་། བཟོ་སྐྲུན་དེ་ལས་རིམ་གཉིས་སུ་བགོས་ཡོད། དུས་རིམ་དང་པོ་ཨུ་རུ་སིའི་མངའ་ཁོངས་ནས་མགོ་བརྩམས་ཏེ་མཚོ་ནག་གི་མཚོ་ཞབས་བརྒྱུད་དེ་ཨུ་རུ་སིས་ཐོན་སྐྱེད་བ྄ཡས་པའི་རང་བྱུང་སོལ་རླངས་དེ་ཐད་ཀར་ཐུར་ཁེའི་མཚོ་འགྲམ་དུ་བསྐྱལ་རྗེས་ཐུར་ཁེའི་རྒྱལ་ནང་གི་ཚོང་རར་མཁོ་འདོན་བྱེད་པ་དང་། དུས་རིམ་གཉིས་པ་ནི་ཐུར་ཁེའི་ནུབ་ཕྱོགས་མཐའ་མཚམས་བར་རྒྱུན་བསྲིང་སྟེ། ཨུ་རུ་སི་ཡིས་ཐོན་སྐྱེད་བྱས་པའི་རང་བྱུང་སོལ་རླངས་དེ་ཡོ་རོབ་གླིང་ལྷོ་ཕྱོགས་དང་ཤར་ཕྱོགས་རྒྱལ་ཁབ་དག་ཏུ་སྐྱེལ་རྒྱུ་དེ་ཡིན། 

འཆར་འགོད་ལྟར་ན། སྦུག་ལམ་དེ་ལས་ལོ་རེར་རང་བྱུང་སོལ་རླངས་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་བདུན་སྐྱེལ་འདྲེན་ཐུབ་པ་རེད།

ཐུར་ཁེའི་མཱ་ཨར་མཱ་ལཱ་སློབ་ཆེན་གྱི་ཆབ་སྲིད་རིག་པ་དང་རྒྱལ་སྤྱིའི་འབྲེལ་བའི་རིག་པའི་དགེ་རྒན་ཆེན་མོ་ཨེ་ཨར་སིན་གྱིས་བཤད་རྒྱུར། བཟོ་སྐྲུན་དེས་ཐུར་ཁེའི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་སྲིད། དེས་ཝུའུ་ཁི་ལན་སོགས་རྒྱལ་ཁབ་བརྒྱུད་ནས་ཨུ་རུ་སིའི་སོལ་རླངས་ཐུར་ཁེ་རུ་སྐྱེལ་འདྲེན་བྱེད་པའི་ནུབ་ཕྱོགས་རླངས་འདྲེན་སྦུག་ལམ་གྱི་ཚབ་བྱེད་རྒྱུ་རེད། ཐུར་ཁེའི་སྲིད་གཞུང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་ཞི་འཇགས་སུ་མ་སོང་ན། སྔར་ཡོད་ཀྱི་རླངས་འདྲེན་སྦུག་ལམ་དེ་མཚམས་ཆད་པའི་ཉེན་ཁ་ཡོད་པར་སེམས་ཁུར་བྱེད་བཞིན་ཡོད། ཐུར་ཁེའི་བཟོ་སྐྲུན་དེས་སེམས་ཁུར་དེ་འདྲ་རྩ་བ་ནས་མེད་པར་བཏང་ཡོད་ཟེར། 

ཨེ་ཨར་སིན་གྱིས་བཤད་རྒྱུར། ལས་མགོ་རྩོམ་ལ་ཉེ་བའི་དུས་རིམ་གཉིས་པའི་བཟོ་སྐྲུན་དེ་ཨུ་རུ་སིའི་ཕྱོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། རྒྱུ་མཚན་ནི་ཨུ་རུ་སིའི་ཕྱོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་གི་སྔོན་ལ་རླངས་འདྲེན་སྦུག་ལམ་དེ་ཝུའུ་ཁི་ལན་དང་ཡོལ་ནས་འགྲོ་བ་མངོན་འགྱུར་བྱེད་རྩིས་ཡོད་པ་དང་། ཞོར་དུ་ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་ཚོང་རའི་ཚད་སྲུང་འཛིན་བྱེད་འདོད་ཡོད་པ་རེད་ཟེར། 

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་མཉམ་དུ་ལེགས་འགྲུབ་བྱུང་བའི་མཛད་སྒོའི་ཡུལ་དངོས་ཀྱི་ཐད་གཏོང་ལ་བལྟས། ནུས་ཁུངས་མཉམ་ལས་ལས་གཞན་ཁོ་གཉིས་ཀྱིས་སི་རི་ཡཱའི་ནང་འཁྲུག་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ཟེར། 

ཨེ་ཨར་སིན་གྱིས་བསྟན་དོན། དེ་ནི་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོསི་ཟླ་ངོ་གཅིག་གི་ནང་ཐེངས་གསུམ་པར་གྲོས་མོལ་བྱས་པ་རེད། སི་རི་ཡཱ་དང་འབྲེལ་བའི་གྲོས་གཞི་དེ་དབྱི་ཏི་ལེ་པུའུ་ཡི་གནས་བབ་ཡིན་སྲིད་པ་དང་། མའོ་སི་ཁི་མིག་སྔར་དམག་དོན་མ་ཡིན་པའི་ས་ཁུལ་གྱི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་བསམ་འཆར་ཡོད་པས་ཡིན་ཟེར།