ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱ་ནས་ཁུའུ་ཨར་ཏི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་བསྐྱར་སྒྲོག་བྱས།
2019.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅུའི་ཉིན་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱ་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། དེ་ཨ་མེ་རི་ཁས་དམག་དཔུང་ཕྱིར་འཐེན་བྱེད་མིན་ལ་འབྲེལ་བ་མེད་ཟེར།
ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་མ་བྱས་གོང་ནས། སི་རི་ཡཱའི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་དྲག་ཆས་པར་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་སྒྲོག་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཟླ་སྔོན་མར་དམག་དོན་འགུལ་སྐྱོད་རྗེས་སུ་སྣུར་བའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་སྐབས་གནས་བབ་རྙོག་འཛིང་ཅན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད་ཡིན་ཡང་། ཐུར་ཁེ་ཡིས་སི་རི་ཡཱ་རུ་དམག་དཔུང་མངག་པའི་ཆོད་སེམས་དེ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་ལ་འབྲེལ་བ་མེད་ཟེར།
ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ས་ཁུལ་དུ་བྱེད་ཐབས་སྤྱད་དེ། ཐལ་སྤྱོད་རྩ་འཛུགས་ཀྱིས་སི་རི་ཡཱའི་ཞི་འཇམ་ངོ་རྒོལ་ཕྱོགས་ཁག་གི་མི་སེར་དཀྱུས་མར་དཔུང་འཇུག་བྱེད་པར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།