ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ཨུ་རུ་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་དགོས་ངེས་ཀྱི་ཆབ་སྲིད་གྲོས་མོལ་ཟབ་མོ་སྲུང་འཛིན་བྱེད་དགོས་པའི་ཚུལ་བསྟན། 
2019.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་དང་གྲོས་མོལ་བྱས་རྗེས་བསྟན་དོན། དེང་སྐབས་འཛམ་གླིང་གི་གནས་བབ་འོག་ཏུ། ཨུ་རུ་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་དགོས་ངེས་ཀྱི་ཆབ་སྲིད་གྲོས་མོལ་ཟབ་མོ་སྲུང་འཛིན་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་དང་མཱ་སི་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་དང་འཇར་མན་བར་གནད་དོན་རེ་འགའི་ཐད་ནས་འགལ་བ་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་རོགས་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཡར་སྐུལ་གཏོང་འདོད་ཡོད། དེང་སྐབས་ཀྱི་རྙོག་འཛིང་གི་འཇིག་རྟེན་གནས་བབ་འོག་ཏུ། ཨུ་རུ་སི་དང་འཇར་མན་གྱིས་དགོས་ངེས་ཀྱི་ཆབ་སྲིད་གྲོས་མོལ་སྲུང་འཛིན་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། འཇར་མན་གྱི་མུ་མཐུད་དུ་པེ་ཞེ-2ཞེས་པའི་རང་བྱུང་སོལ་རླངས་སྦུག་ལམ་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། དེ་ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་མཁོ་འདོན་གྱི་སྣ་མང་ཅན་ལ་ཕན་པ་དང་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཚོང་ལས་ལས་གཞི་ཞིག་ཏུ་བལྟས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་མན་གྱི་ལངས་ཕྱོགས་དེར་གཟེངས་བསྟོད་བྱས། དེ་ལས་གཞན་ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམས་པའི་ཚུལ་བསྟན། 

འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གནད་དོན་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་བརྩི་སྲུང་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་འབྲེལ་འདྲིས་གསལ་བོ་བྱ་དགོས་པའི་རེ་བ་བཏོན། གལ་ཏེ་ཨ་མེ་རི་ཁ་ཡིངས་ཆིག་དེ་ལས་ཕྱིར་བུད་ན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་དམག་ཆས་ཁྱབ་ཁོངས་ཀྱི་བྱེད་ཐབས་ལ་དོ་སྣང་བྱས་ཏེ་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

སི་རི་ཡཱའི་གནད་དོན་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། མིག་སྔར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་མིན་པའི་ས་ཁུལ་གྱི་བརྒྱ་ཆའི་བདུན་ཅུ་འཇིགས་སྐུལ་ཉེས་ཅན་གྱིས་བདག་ཏུ་བཟུང་ཡོད་པ་དང་། འཇིགས་སྐུལ་ཉེས་ཅན་དེ་དག་གིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་འཐབ་ར་དང་གནས་སྤོར་སྡོད་དམངས་སྡོད་སར་འཇབ་རྒོལ་བྱེད་རྩིས་ཡོད་པར་མ་ཟད། སི་རི་ཡཱའི་ཧི་མེད་མུས་མུའུ་རུ་སྡོད་པའི་ཨུ་རུ་སིའི་མཁའ་དམག་རྟེན་གཞིར་འཇིགས་ཉེན་བཟོ་བཞིན་ཡོད། དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གནད་དོན་ཐད་ནས་ཨུ་རུ་སིའི་བར་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

འཇར་མན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། མཱ་སི་ཡིས་ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་དམིགས་བསལ་གྱི་འགན་འཁྲི་ཁུར་ཡོད་པས། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཆིངས་ཡིག་དེ་སྲུང་འཛིན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། འཇར་མན་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གིས་བལྟས་ན། ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའ་གསར་བ་འཕེལ་རྒྱས་སུ་བཏང་བ་ལས་ཆིངས་ཡིག་དེར་གཏོར་བརླག་བྱས་ཡོད་པར་འདོད། ཨུ་རུ་སི་ཡིས་ཕྱི་ཕྱོགས་ཀྱི་ཡིད་ཆེས་སླར་གསོ་བྱ་དགོས་ཟེར། མཱ་སི་ཡིས་བསྟན་དོན། ཁོས་ཨུ་རུ་སི་ཡིས་སྔར་བཞིན་དོན་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

མཱ་སི་ཡིས་བཤད་རྒྱུར། སི་རི་ཡཱའི་གནད་དོན་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཨུ་རུ་སི་ལ་དམིགས་བསལ་གྱི་འགན་འཁྲི་ཡོད། ཁོས་བསྟན་དོན། ཨུ་རུ་སིའི་བར་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་དགོས་གལ་ཧ་ཅང་ཆེ་ཟེར།