སི་རི་ཡའི་གསར་འགྱུར་ལས་ཁུངས་ཀྱིས་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་སི་རི་ཡའི་ཤར་ཕྱོགས་འགས་གཏོར་བཏང་ནས་མི་སེར་དགུ་བཅུ་ཤི་རྨས་བཟོས་པར་བཤད།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

སི་རི་ཡའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་བ་ཅེས་པར་རྒོལ་རྡུང་བྱེད་པའི་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གྱི་ཚུན་ལ་སི་རི་ཡའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ལ་ཐེངས་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། བྱིས་པ་བདུན་དང་བཅས་པའི་མི་སེར་ཉི་ཤུ་བསད་པ་དང་། ས་དེའི་སྡོད་དམངས་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས། རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་བཅུ་གཉིས་ཉིན་པཱ་ཀུའུ་སི་གྲོང་རྡལ་གྱི་མི་སེར་བཀོད་སྒྲིག་བྱས་ཡོད་ས་ཞིག་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་སེར་བདུན་ཅུ་ཤི་རྨས་བཟོས་ཟེར།

ཟླ་འདིའི་ཚེས་དགུ་ཉིན། སི་རི་ཡའི་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་གཙོ་ཁྲིད་བྱས་པའི་སི་རི་ཡའི་དམངས་གཙོ་དམག་ཅེས་པ་དེས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་པཱ་ཀུའུ་སི་གྲོང་རྡལ་གྱི་སྒར་སར་དམག་དོན་འགུལ་སྐྱོད་སྤེལ། ས་དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེའི་སི་རི་ཡའི་ཤར་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏེ་གཙང་བོའི་ཤར་འགྲམ་ས་ཁུལ་དུ་ཡོད་པའི་ཆེས་མཇུག་མཐའི་སྡོད་གནས་རེད། སི་རི་ཡའི་དམངས་གཙོ་དམག་ཅེས་པ་དེའི་ས་ངོས་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་ཆེད། རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་པཱ་ཀུའུ་སི་གྲོང་རྡལ་ལ་བར་སྣང་ནས་འཇབ་རྒོལ་བྱེད་ཤུགས་ཇེ་ཆེར་བཏང་།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར། ཨ་མེ་རི་ཁས་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་འགོ་བརྩམས་པར་མ་ཟད། ལོ་དེའི་ཟླ་དགུ་པར་བར་སྣང་འཇབ་རྒོལ་གྱི་ཁྱབ་ཁོངས་སི་རི་ཡའི་མངའ་ཁོངས་སུ་རྒྱ་བསྐྱེད་པ་དང་། ཟླ་དེར་ཨ་མེ་རི་ཁ་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་བཙུགས། སི་རི་ཡའི་སྲིད་གཞུང་གིས་དོན་དག་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་མེད་པར་འདོད་ཡོད་ལ། ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་བར་སྣང་འཇབ་རྒོལ་གྱིས་མི་སེར་མང་པོ་ཤི་རྨས་བཟོས་པར་སྐྱོན་བརྗོད་བྱས།