ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་ཚབ་མས་དབྱི་རག་ལ་འཚམས་འདྲི་བྱས་ཏེ་བདེ་འཇགས་མཉམ་ལས་གནད་དོན་གྱི་སྐོར་ནས་གྲོས་སྡུར་བྱས།
2019.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་ཚབ་མ་ཧྲ་ནཱ་ཧན་གྱིས་ཚེས་བཅུ་གཉིས་ཉིན་དབྱི་རག་ལ་འཚམས་འདྲི་བྱས་པ་དང་། པ་ཀི་ཏ་ནས་དབྱི་རག་གི་ཙུང་ལི་མའེ་ཧི་ཏིས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ངོ་རྒོལ་དང་ཨ་མེ་རི་ཁ་དང་དབྱི་རག་གི་བདེ་འཇགས་མཉམ་ལས་སོགས་ཀྱི་གནད་དོན་སྐོར་ནས་གྲོས་སྡུར་བྱས།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧྲ་ནཱ་ཧན་གྱིས་མའེ་ཧི་ཏིས་དང་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁི་དང་དབྱི་རག་གི་བདེ་འཇགས་མཉམ་ལས་འབྲེལ་བ་ཁས་བླངས་པར་མ་ཟད། མཉམ་ལས་དེའི་གཙོ་གནད་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གི་རྒྱབ་སྐྱོར་འོག་ཏུ་དབྱི་སི་ལན་རྒྱལ་ཁབ་ཅེས་པ་ཕམ་པར་རྒྱག་རྒྱུ་དེ་ཡིན་ཞེས་བསྟན་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་དུང་དབྱི་རག་བདེ་འཇགས་དམག་དཔུང་གི་འཐབ་འཁྲུག་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱས་ཟེར།

དབྱི་རག་གི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མའེ་ཧི་ཏིས་ཀྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧྲ་ནཱ་ཧན་དང་གྲོས་མོལ་བྱས་ལ། ཕྱོགས་གཉིས་ཀྱིས་དབྱི་རག་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་། འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་བྱེད་པ་དང་ས་ཁུལ་གྱི་གནས་བབ་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། མའེ་ཧི་ཏིས་ཀྱིས་བསྟན་དོན། དབྱི་རག་ཕྱོགས་ཀྱིས་ཨ་མེ་རི་ཁར་འཇིགས་སྐུལ་ངོ་རྒོལ་གནད་དོན་ཐད་ནས་མུ་མཐུད་དུ་མཉམ་ལས་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་ངེས་པར་དུ་རྒྱལ་ཁབ་གཉིས་བར་གྱི་བདེ་འཇགས་གྲོས་ཆོད་ལ་བརྩི་བཀུར་བྱེད་པ་དང་། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་ལས་འགན་འཇིགས་སྐུལ་ངོ་རྒོལ་དང་དབྱི་རག་གི་བདེ་འཇགས་དམག་དཔུང་གསོ་སྦྱོང་བྱེད་རོགས་བྱེད་པ་ལས་བརྒལ་མི་རུང་ཞིང་། དབྱི་རག་གིས་ཕྱི་རྒྱལ་གྱི་དམག་དོན་རྟེན་གཞི་དབྱི་རག་ནས་གནས་པ་དང་ལེན་མི་བྱེད་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར། དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁབ་ཐོབ་པ་ཁྱབ་བསྒྲགས་བྱས་ནའང་། མིག་སྔར་ཐལ་སྤྱོད་མི་སྣ་སྐོར་ཞིག་ད་དུང་མཐའ་འཁོབ་ཀྱི་ས་གནས་སུ་བསྐུངས་ཏེ། གོ་སྐབས་དང་བསྟུན་ནས་འཇབ་རྒོལ་བྱེད་བཞིན་ཡོད།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ན་ནིང་གི་ཟླ་བཅུ་གཉིས་པར་བསྟན་དོན། སི་རི་ཡ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་རྒོལ་རྡུང་བྱེད་པའི་འཐབ་འཁྲུག་ལ་གྲུབ་འབྲས་ཐོབ་པ་དང་བསྟུ་ནས། ཨ་མེ་རི་ཁས་སི་རི་ཡ་རུ་སྡོད་པའི་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད་པ་ཡིན་ཟེར། ཐག་གཅོད་དེར་ཨ་མེ་རི་ཁའི་རྒྱལ་ནང་དང་མནའ་གྲོགས་ཀྱི་ངོ་རྒོལ་ཐེབས། ཟླ་འདིའི་ཅུང་སྔ་བའི་དུས་སུ། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སྙན་ཞུ་སྤེལ་ནས། གལ་ཏེ་མུ་མཐུད་དུ་རྒོལ་རྡུང་མ་བྱས་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེ་ཟླ་དྲུག་ནས་ཟླ་བཅུ་གཉིས་ཀྱི་ནང་དུ་ཡང་བསྐྱར་འཕེལ་རྒྱས་འབྱུང་སྲིད་ཅེས་བཤད།