སི་རི་ཡ་དང་ཐུར་ཁེའི་མཐའ་མཚམས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་།
2019.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

སི་རི་ཡ་དང་ཐུར་ཁེའི་མཐའ་མཚམས་ནས་ཚེས་བཅུ་གཉིས་ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་གསུམ་ལ་རྨས་ཕོག

ཐུར་ཁེའི་བརྙན་འཕྲིན་ཁང་ཞིག་གིས་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་སི་རི་ཡའི་བྱང་ཕྱོགས་ཀྱི་ཨ་ལེ་ཕོ་ཞིང་ཆེན་ལཱ་དབྱི་གྲོང་རྡལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས་བྱུང་བ་དང་། ས་དེ་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཅི་ལེ་སི་ཞིང་ཆེན་དང་འབྲེལ་ཡོད། བརྙན་རིས་ལས་རླངས་འཁོར་འགས་གཏོར་དོན་རྐྱེན་ལས་མེ་ལྕེ་མཐོ་རུ་འཕྱུར་བར་མ་ཟད་དུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད།

ཅི་ལེ་སི་ཞིང་ཆེན་གྱི་ཧྲིན་ཀྲང་སཱོ་དབྱི་ཏེ་ཨར་ཁི་ཡིས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། རྨས་མ་གསུམ་པོ་ཐུར་ཁེའི་མངའ་ཁོངས་ཀྱི་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

མིག་སྔར་རྩ་འཛུགས་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་མ་བླངས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར་ཐུར་ཁེའི་དམག་དཔུང་གིས་མིང་ལ་ཡུག་ཧྥ་ལ་ཏེ་གཙང་བོའི་གོ་ཁྲབ་ཅེས་པའི་དམག་དོན་འགུལ་སྐྱོད་སྤེལ་ནས། སི་རི་ཡའི་བྱང་ཕྱོགས་སུ་འཛུལ་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བཏང་བར་མ་ཟད་སི་རི་ཡའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རིགས་ཀྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བར་བཀག་འགོག་བྱས། དེའི་རྗེས་སུ་ལཱ་དབྱི་གྲོང་རྡལ་དེར་གཙོ་བོ་ཐུར་ཁེར་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱས་ཡོད།