ཨ་མེ་རི་ཁ་དང་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་ཁ་པར་ལས་ཕྱོགས་གཉིས་དང་རྒྱལ་སྤྱིའི་གནད་དོན་ཚ་ཤོས་ཐད་ནས་གྲོས་སྡུར་བྱས།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཡུན་གྱིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་བ་དང་། ཁོ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་ཚ་ཤོས་སྐོར་ནས་གྲོས་སྡུར་བྱས་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཕིན་ཕེ་ཡུན་གྱིས་ཁ་པར་ལས་ཨ་མེ་རི་ཁས་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་འཕྲིན་མི་སྣ་སི་ཁི་ལེ་ཕ་ཨར་དང་ཁོའི་བུ་མོར་དབྱིན་ཇི་ནས་དུག་ཕོག་པའི་དོན་རྐྱེན་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་ཆོད་སེམས་བསྐྱར་བསྒྲགས་བྱས། ཁོས་ཨུ་རུ་སི་ཡིས་དོན་རྐྱེན་དེའི་ཁྲོད་དུ་རྫས་འགྱུར་མཚོན་ཆ་བཀོལ་བར་ཡང་བསྐྱར་སྐྱོན་བརྗོད་བྱས་ཟེར།

ཕིན་ཕེ་ཡུན་གྱིས་ད་དུང་ཁ་པར་ལས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཡང་བསྐྱར་ཡོངས་སུ་བློ་གཏད་ཆོག་པ་དང་བདེན་དཔང་བྱེད་རུང་བའི་རྣམ་པས་སུའུ་ལེན་དང་ཨ་མེ་རི་ཁས་འབྲིང་འཕེན་འཕུར་མདའ་མེད་པར་གཏོང་བའི་ཆིངས་ཡིག་བརྩི་སྲུང་མ་བྱས་ན། ཆིངས་ཡིག་དེ་ཟླ་གཉིས་པའི་ཚེས་གཉིས་ཉིན་ནས་བརྩིས་པའི་ཟླ་དྲུག་གི་རྗེས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། ཁོ་གཉིས་ཀྱིས་ད་དུང་ཝེ་ནེ་ཙུའེ་ལའི་ཆབ་སྲིད་གནས་བབ་སྐོར་ནས་གྲོས་སྡུར་བྱས།

ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་ཕྱི་འབྲེལ་དཔོན་པོ་གཉིས་ཀྱི་ཁ་པར་ནང་དོན་ལ་བཤད་ཚུལ་མི་འདྲ་བ་བཟུང་ཡོད་དེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་མའོ་སི་ཁོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཁོས་ཚེས་བཅུ་གཉིས་ཉིན་ཕིན་ཕེ་ཡུན་ལ་ཁ་པར་གཏོང་སྐབས་སུའུ་ལེན་དང་ཨ་མེ་རི་ཁས་འབྲིང་འཕེན་འཕུར་མདའ་མེད་པར་གཏོང་བའི་ཆིངས་ཡིག་གི་གནད་དོན་ལ་གྲོས་སྡུར་བྱས་མེད། དེའི་སྐོར་ནས་ཨ་མེ་རི་ཁས་བསམ་གཞིགས་ཞིབ་མོ་བཏང་རྗེས། ང་ཚོས་ཆེད་ལས་ཅན་དང་ཞིབ་ཕྲ་ཅན། ད་དུང་ཆབ་སྲིད་ཅན་བཅས་ཀྱི་གྲོས་མོལ་བྱ་རྩིས་ཡོད། ཕིན་ཕེ་ཡུན་གྱིས་ཁ་སང་དོན་དག་དེའི་སྐོར་མ་གླེང་བ་ནི་ཨ་མེ་རི་ཁ་བས་མིག་སྔར་ད་དུང་བསམ་གཞིགས་ཞིབ་མོ་བཏང་མེད་པ་མཚོན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་དྲ་ཚིགས་སྟེང་སྤྱི་བསྒྲགས་སྤེལ་ནས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཕིན་ཕེ་ཡུན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཝེ་ནེ་ཙུའེ་ལ་དང་སི་རི་ཡའི་གནས་བབ། ད་དུང་ཨ་མེ་རི་ཁས་སི་ཁི་ལེ་ཕ་ཨར་ལ་དུག་ཕོག་པའི་དོན་རྐྱེན་ལ་བརྟེན་ནས་ཨུ་རུ་སི་ལ་བཀག་སྡོམ་བྱས་པའི་གནད་དོན་སྐོར་ནས་གྲོས་སྡུར་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁ་ཕྱོགས་ཀྱི་བཀག་སྡོམ་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་སྲིད་པར་མ་ཟད་རྒྱལ་སྤྱིའི་གར་སྟེགས་སྟེང་གི་སྣང་ཚུལ་ལ་གཏོར་བརླག་བྱེད་སྲིད་ཅེས་བཤད་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁ་ཕྱོགས་ཀྱིས་དྲག་ཤུགས་སྤྱོད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཝེ་ནེ་ཙུའེ་ལའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་ཉེན་བརྡ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ལྟར་ཝེ་ནེ་ཙུའེ་ལའི་གནད་དོན་སྐོར་ནས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དེ་དང་མཉམ་དུ་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཟེར་བ་ཞིག་སྤེལ་བ་དེ་ནི་ཝེ་ནེ་ཙུའེ་ལའི་རྒྱལ་ནང་གི་གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་འགུལ་ཅིག་རེད་ཅེས་བསྟན་ཟེར།

ཨ་མེ་རི་ཁས་ད་ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ནས་བཟུང་སུའུ་ལེན་དང་ཨ་མེ་རི་ཁས་འབྲིང་འཕེན་འཕུར་མདའ་མེད་པར་གཏོང་བའི་ཆིངས་ཡིག་དེ་གནས་སྐབས་སུ་ལག་བསྟར་བྱེད་མཚམས་བཞག་ནས། ཟླ་དྲུག་གི་ཆིངས་ཡིག་ལས་ཕྱིར་འབུད་པའི་གོ་རིམ་དུ་ཞུགས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིས་ཀྱང་ཆིངས་ཡིག་དེ་གནས་སྐབས་སུ་ལག་བསྟར་བྱེད་མཚམས་བཞག་པ་ཁྱབ་བསྒྲགས་བྱས།