དབྱི་ལང་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

དབྱི་ལང་གི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་ཤར་ལྷོ་ཕྱོགས་ཀྱི་ཞི་སི་ཐན་པེ་ལུའུ་ཀྲི་སི་ཐན་ཞིང་ཆེན་ནས་ཉིན་དེར་རང་སྲོག་བཅད་དེ་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག་ཟེར།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་གིས་བསྒྲགས་པའི་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་ལྟར་ན། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད་ཟེར། ནང་དུ་འགད་རྫས་གང་དྲུད་པའི་རླངས་འཁོར་ཆུང་བ་ཞིག་དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་གི་དམག་མི་བསྡད་ཡོད་པའི་རླངས་འཁོར་ཆེན་པོ་ཞིག་གི་འགྲམ་དུ་ཐོན་རྗེས་གློ་བུར་དུ་འགས་གཏོར་བཏང་ནས། མི་མང་པོ་ཤི་རྨས་བཟོས་ལ། འདས་པོ་དང་རྨས་མའི་མིང་ད་དུང་བསྒྲགས་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་གྱི་ཁོངས་སུ་ཡོད་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་འཇབ་རྒོལ་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཡིག་ཞེས་བསྒྲགས་ཟེར།

ཞི་སི་ཐན་པེ་ལུའུ་ཀྲི་སི་ཐན་ཞིང་ཆེན་ནི་ཕ་ཁི་སི་ཐན་དང་འབྲེལ་ཡོད་ལ། དུས་ཡུན་རིང་པོར་གནས་བབ་བདེ་འཇགས་མིན་པ་དང་། དབྱི་ལང་གི་བདེ་འཇགས་དམག་དཔུང་དམིགས་ཡུལ་དུ་བཟུང་བའི་འཇབ་རྒོལ་ཡང་ཐེངས་མང་བྱུང་མྱོང་།