དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དགུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད། 
2019.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། དབྱི་རག་མཁའ་དམག་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དགུ་བསད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་མཁའ་དམག་དང་རྒྱལ་སྤྱིའི་མནའ་འབྲེལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅུ་བཞིའི་ཉིན་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཞེ་ལྔ་ཡོད་པའི་མཚམས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་སྦས་སྐོང་བྱེད་སར་བར་སྣང་ནས་ཆམ་ཕབ་བཏང་། དབྱི་རག་བདེ་འཇགས་མི་སྣས་དེའི་རྗེས་སུ་དྲག་ཆས་ཉེས་ཅན་དགུའི་བེམ་པོ་དང་འགས་གཏོར་སྒྲིག་ཆས་སྐོར་ཞིག་རྙེད། 

ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར། ཨ་མེ་རི་ཁས་དབྱི་རག་གི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་འཇབ་རྒོལ་བྱེད་མགོ་བརྩམས། ལོ་དེའི་ཟླ་དགུ་བར་བར་སྣང་འཇབ་རྒོལ་གྱི་ཁྱབ་ཁོངས་དེ་སི་རི་ཡཱའི་མངའ་ཁོངས་སུ་རྒྱ་བསྐྱེད་པར་མ་ཟད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་པ་རེད།