ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དམངས་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་བཞག་ཡོད་པའི་ཚུལ་བསྟན། 
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀི་ལུའུ་ཧྲི་ཁི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་དང་དམངས་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ཡོངས་སུ་མཚམས་བཞག་ཡོད་ཟེར། 

ཀི་ལུའུ་ཧྲི་ཁི་ཡིས་བསྟན་དོན། ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་རེ་འགའི་བར་འབྲེལ་འདྲིས་བྱེད་བཞིན་ཡོད་ཀྱང་། མིག་སྔར་སྤྱི་ཕྱོགས་ནས་འབྲེལ་ཆེན་པོ་མེད། མིག་སྔར་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བ་དེ་འཇམ་འཐབ་སྐབས་ཀྱི་འབྲེལ་བའི་ཆུ་ཚད་དང་གཅིག་འདྲ་ཡིན་པར་མ་ཟད། ཐེངས་རེའི་འབྲེལ་བའི་ཉམས་ཉེན་ཁྲོད་ཡུན་ཚད་ཆེས་རིང་བོ་རེད། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་འབྲེལ་བའི་གྲོས་རིམ་བཟང་བོ་བསྐྱུར་བ་དང་། མིག་སྔར་བྱང་ཆིངས་རྩ་འཛུགས་དཀའ་ཁག་དེ་ལས་ཐར་ཐུབ་པའི་བརྡ་རྟགས་མེད་ཟེར། 

ཁོས་ད་རུང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་བར་འགལ་བ་བྱུང་ནས་ཡུན་རིང་འགོར་ཡོད་པ་དང་། མིག་སྔར་དུས་ནམ་ཞིག་ལ་གྲོས་མོལ་སླར་གསོ་འབྱུང་བ་གསལ་བོ་མི་ཤེས། ཨུ་རུ་སིའི་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་བྱེད་ཐབས་དེ་ཨ་མེ་རི་ཁའི་སྲིད་ཇུས་ལ་འབྲེལ་བ་ཆེན་པོ་ཡོད་པ་གསལ་བོར་རྟོགས་ཡོད་ཟེར། 

ཀི་ལུའུ་ཧྲི་ཁི་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་མིག་སྔར་ཆབ་སྲིད་གྲོས་མོལ་བྱེད་པའི་དགོས་གལ་ཆེ་བ་དང་། དམག་དོན་ཆེད་མཁས་རིམ་པའི་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས། ཕྱོགས་གཉིས་ཀྱིས་གནས་བབ་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་ཇེ་དམའ་རུ་གཏོང་བ་དང་བློ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པ་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་དགོས་ཟེར། ཁོས་བཤད་རྒྱུར། མིག་སྔར་བློ་ཡུལ་ལས་འདས་པའི་དོན་རྐྱེན་དང་གོ་བ་ལོག་པའི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཆེ་བ་དང་། ཕྱོགས་གཉིས་ཀྱིས་དམག་དོན་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།