ཨ་མེ་རི་ཁས་བཀའ་རྒྱ་བཏང་སྟེ་དབྱི་རག་ཏུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བྱེད་པ་སྐོར་ཞིག་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། 
2019.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་སྟེ། དབྱི་རག་ཏུ་སྡོད་པའི་གཞུང་ཚབ་ཁང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གགྱི་ཨེ་ཨར་པུས་ལེ་གྲོང་ཁྱེར་དུ་སྡོད་པའི་གཞུང་ཚབ་ཁང་གི་བྲེལ་མྱུར་ལས་མིན་པའི་ལས་བྱེད་པ་དག་དབྱི་རག་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། 

དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་སྟེ། དབྱི་རག་གཞུང་ཚབ་ཁང་དང་ཨེ་ཨར་པུས་ལེ་གྲོང་ཁྱེར་དུ་སྡོད་པའི་གཞུང་ཚབ་ཁང་གི་ཨ་མེ་རི་ཁའི་ཕྱོགས་ཀྱི་བྲེལ་མྱུར་མིན་པའི་ལས་བྱེད་མི་སྣ་དབྱི་རག་ནས་ཕྱིར་འཐེན་བྱེད་དགོས་པ་དང་། གོང་སྨྲས་ཀྱི་གཞུང་ཚབ་ཁང་དེ་གཉིས་ཀྱི་རྒྱུན་ལྡན་ལམ་ཡིག་འགོད་པའི་ཞབས་ཞུ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་རག་ཏུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་དག་ལ་བྲེལ་མྱུར་ཞབས་ཞུ་འདོན་སྤྲོད་བྱེད་པའི་ནུས་པར་ཚད་ཡོད་ཟེར། 

ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཨ་མེ་རི་ཁས་དབྱི་རག་དང་སི་རི་ཡཱ་རུ་བཀོད་སྒྲིག་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་དམག་དཔུང་དེ་ཚད་མཐོན་པོའི་དོགས་ཟོན་རྣམ་པར་གནས་ཡོད་པ་དང་། དབྱི་ལིང་གིས་བཟོ་བའི་འཇིགས་ཉེན་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བདུན་ཉིན་གློ་བུར་དུ་དབྱི་རག་གི་རྒྱལ་ས་པཱ་ཀི་ཏཱ་རུ་འཚམས་འདྲི་བྱས་ཏེ། དབྱི་རག་སྲིད་གཞུང་གིས་དབྱི་ལིང་གི་འཇིགས་ཉེན་ཐག་གཅོད་བྱས་ནས་ཨ་མེ་རི་ཁའི་དབྱི་རག་གི་ཁེ་ཕན་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།