ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅུ་གཉིས་བསད། 
2019.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་རྒྱལ་ས་ཁེ་རོང་དང་ཅི་སཱ་ཞིང་ཆེན་ནས་གློ་བུར་དུ་སྔོག་བཤེར་བྱ་འགུལ་སྤེལ་སྐབས་འཇིགས་སྐུལ་ཉེས་ཅན་བཅུ་གཉིས་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་རྒྱལ་ཁབ་བདེ་འཇགས་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་ཁོངས་སུ་གཏོགས་པའི་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་སྤེལ་ནས། ཨེ་ཅིབ་ཏུ་རྙོག་དྲ་བཟོ་རྩིས་ཡོད་པ་རེད་ཟེར། 

ཚེས་ཉི་ཤུའི་ཉིན། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཁེ་རོའི་ཧྲུའུ་ལུའུ་ཁི་མཁར་དང་ཅི་སཱ་ཞིང་ཆེན་གྱི་ཟླ་བཅུ་བའི་ཚེས་དྲུག་ཉིན་མཁར་ལ་གློ་བུར་དུ་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་དང་འགས་གཏོར་སྒྲིག་ཆས་བཟོ་སའི་ཁང་བ་གཉིས་ལ་སྔོག་བཤེར་བྱས་པར་མ་ཟད། འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱུང་། ཧྲུའུ་ལུའུ་ཁི་མཁར་ནས་འཇིགས་སྐུལ་ཉེས་ཅན་ལྔ་བསད་པ་དང་། ཟླ་བཅུ་བའི་ཚེས་དྲུག་ཉིན་མཁར་ནས་འཇིགས་སྐུལ་ཉེས་ཅན་བདུན་བསད་པ་རེད། བདེ་འཇགས་དམག་དཔུང་གིས་ད་རུང་མཚོན་ཆ་དང་འགད་རྫས་སྒྲིག་ཆས་མང་བོ་གཞུང་བཞེས་བྱས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།