འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཕྱོགས་མང་རིང་ལུགས་ཉམས་ཉེན་ལ་འཕྲད་ཡོད་པའི་ཚུལ་བསྟན། 
2019.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་སྤེལ། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གཅིག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་བསྟན་དོན། མིག་སྔར་ཕྱོགས་མང་རིང་ལུགས་ཉམས་ཉེན་ལ་འཕྲད་ཡོད་པས། མཐུན་སྦྱོར་ལ་བརྟེན་ནས་གནས་བབ་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་བརྩོན་ལེན་བྱེད་དགོས་པའི་ཚུལ་བསྟན། 

མའོ་ཁི་ཨར་གྱིས་ཉིན་དེར་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། ཕྱོགས་མང་རིང་ལུགས་ཉམས་ཉེན་ལ་འཕྲད་ཡོད་པ་དང་། མི་མང་བོས་རང་ཉིད་ལ་བརྟེན་ན་སྔར་ལས་ལྷག་པར་བསམ་ཡོད། ཡིན་ཡང་ཕན་ཚུན་མཐུན་སྦྱོར་བྱེད་པ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྩ་དོན་ཡིན་པ་དང་། དེ་ལས་བསམ་འཆར་མི་འདྲ་བ་གཅིག་མཐུན་ཡོང་བ་དང་ལངས་ཕྱོགས་གཅིག་གྱུར་ཡོང་བར་བྱས་ཏེ་གནས་བབ་ལ་གྲུབ་འབྲས་ཐོབ་ཏུ་འཇུག་སྲིད་ཟེར། 

མའོ་ཁི་ཨར་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་བརྒྱའི་ནང་། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་ཡང་ཡང་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ་དང་། མཇུག་མཐར་ཕྱོགས་ཡོངས་དང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འཚམ་པའི་སྒྲིག་སྲོལ་དང་རིན་ཐང་མ་ལག་ཅིག་བཙུགས་ཏེ། ལ་རྒྱ་ཡོད་པ་དང་འདྲ་མཉམ་ཡིནཔའི་བྱ་བའི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཡོད་ཟེར། 

མའོ་ཁི་ཨར་གྱིས་སྐབས་འདིའི་ཚོགས་ཆེན་ལ་གྲོས་ཞིབ་བྱེད་པར་སྤྲད་པའི་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་ལོ་བརྒྱའི་བསྒྲགས་གཏམ་འཆར་ཟིན་ལ་དགའ་བསུ་བྱས་པ་དང་། མིག་སྔར་འཛམ་གླིང་ཡོངས་ཅན་ལ་རྒོལ་བའི་རླབས་རྒྱུན་འོག་ཏུ། བསྒྲགས་གཏམ་དེས་འཛམ་གླིང་ཡོངས་ཀྱི་བྱ་བའི་ཁྱབ་ཁོངས་སུ་རྩ་དོན་རང་བཞིན་གྱི་མཛུབ་སྟོན་བྱེད་ཕྱོགས་འདོན་སྤྲོད་བྱས་ཡོད། ཁོ་མོས་བཤད་རྒྱུར། མི་གྲངས་གྲུབ་ཚུལ་གྱི་འགྱུར་ལྡོག་དང་ནམ་ཟླའི་འགྱུར་ལྡོག་སོགས་འགྲན་རྩོད་ལ་འཕྲད་སྐབས། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་ཚོགས་ཆེན་སྐབས་བརྒྱ་དང་བརྒྱད་པ་དེ་ཚེས་བཅུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གྱ་བདུན་གྱི་འཐུས་མི་སྟོང་ལྔ་ལྷག་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་མ་འོངས་པའི་བྱ་བའི་འགྲན་རྩོད་དང་ངལ་རྩོལ་ཁྲོད་ཀྱི་དྲག་ཤུགས་དང་བར་ཆད་སོགས་གྲོས་གཞིར་དམིགས་ཏེ་གྲོས་བསྡུར་བྱེད་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།