དབྱི་སི་རལ་དང་འཛམ་གླིང་དངུལ་ཁང་གིས་གྲོས་མཐུན་བཀོད་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་འཛུགས་སྐྲུན་ཐད་འབད་འབུངས་བྱེད་རྒྱུ་རེད།
2019.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

དབྱི་སི་རལ་གྱི་དཔལ་འབྱོར་དང་ཐོན་སྐྱེད་པུའུ་དང་དབྱི་སི་རལ་གྱི་རྒྱལ་ཁབ་དྲ་རྒྱ་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་རལ་དང་འཛམ་གླིང་དངུལ་ཁང་གིས་ཉིན་དེར་གྲོས་མཐུན་བཀོད་དེ། དབྱི་སི་རལ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱས་ཏེ་དྲ་རྒྱའི་བདེ་འཇགས་ནུས་པའི་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

གྲོས་མཐུན་དེ་ལྟར་ན། དབྱི་སི་རལ་འཛམ་གླིང་དངུལ་ཁང་གི་གྲངས་ལྡན་འཕེལ་རྒྱས་གྲོགས་པོའི་འབྲེལ་བའི་ལས་གཞིར་ཞུགས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དང་མཉམ་འབྲེལ་དྲ་བའི་སྦྲེལ་མཐུད། གཞི་གྲངས་ཆེན་མོའི་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱིས་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་དག་གི་བར་དྲ་རྒྱའི་དཔུང་འཇུག་གི་ཤེས་བྱ་དང་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་མ་ཟད། རང་གི་རིགས་གཞུང་ལས་རིགས་དང་ཁེ་ལས་ལས་རིགས་ཀྱིས་རྒྱལ་ཁབ་དེ་དག་ལ་གྲོས་གཞི་དང་རོགས་རམ་འདོན་སྤྲོད་བྱེད་ཐུབ་པར་ཁག་ཐེག་བྱེད་རྒྱུ་རེད།

གྲོས་མཐུན་དེའི་ཁག་ཅིག་ཡིན་པའི་ཆ་ནས། དབྱི་སི་རལ་གྱིས་འཇར་པན་དང་། དབྱིན་ཇི། ཧྥུན་ལན། ཏན་མག ནོར་ཝེ་སོགས་རྒྱལ་ཁབ་དག་དང་། དེ་མིན་འཛམ་གླིང་ཡོངས་ཀྱི་སྤོ་སྒུལ་འཕྲིན་གཏོང་མ་ལག་མཐུན་ཚོགས་སོགས་དང་མཉམ་དུ་དྲ་རྒྱའི་སྲུང་སྐྱོབ་འཐབ་ཇུས་དང་ལས་གཞིའི་ཁྱབ་གདལ་བྱ་བར་ཞུགས་རྒྱུ་རེད།

དབྱི་སི་རལ་རྒྱལ་ཁབ་དྲ་རྒྱ་ཅུའུ་ཡི་ཅུའུ་ཀྲང་ཝུན་ནཱ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་དང་ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་དག་དབྱི་སི་རལ་གྱི་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཤེས་བྱ་དང་ལག་རྩལ་ལ་དགོས་མཁོ་ཆེན་པོ་ཡོད་ཅིང་། གྲོས་མཐུན་དེ་བརྒྱུད་ནས་དབྱི་སི་རལ་གྱིས་རང་གི་དྲ་རྒྱའི་ཐོན་ལས་དང་ཞིབ་འཇུག་ཐད་ཀྱི་ཤེས་བྱ་གཞན་ལ་ཁྱབ་སྤེལ་དུ་བཏང་སྟེ། དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་འཛམ་གླིང་འགུལ་སྐྱོད་ཁྲོད་ཀྱི་སྔོན་ཐོན་གོ་གནས་སྲུང་འཛིན་བྱས་ཆོག་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།