དབྱི་ལིང་ཙུང་ཐུང་གིས་ཕྱོགས་ཡོངས་ནས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།
2019.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་དབྱི་ལིང་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ནི་དུས་ཡུན་རིང་བོའི་འཐབ་ཇུས་གྲོགས་པོར་བརྩི་ཡོད། དབྱི་ལིང་ཕྱོགས་ཧུར་ཐག་སྒོས་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཞུགས་ཏེ། དབྱི་ལིང་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་དེ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ཉིན་དེར་དབྱི་ལིང་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲང་ཧྭ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། 

ཁྲང་ཧྭ་ཡིས་བཤད་རྒྱུར། དབྱི་ལིང་ནི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅིང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱས་ཏེ་བཙན་དབང་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད། མཛའ་མཐུན་ལྡན་པའི་དབྱི་ལིང་སྲིད་གཞུང་དང་མི་དམངས་ཀྱིས་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།