​ཐན་ཙན་ནི་ཡཱའི་སྣུམ་འདྲུད་རླངས་འཁོར་ཞིག་ལ་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར།
2019.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཐན་ཙན་ནི་ཡཱའི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་མའོ་ལོ་ཀི་ལོ་ཞིང་ཆེན་དུ་ཉིན་དེའི་སྔ་དྲོར་སྣུམ་འདྲུད་རླངས་འཁོར་ཞིག་ལ་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

མའོ་ལོ་ཀི་ལོ་ཞིང་ཆེན་གྱི་ཧྲིན་ཀྲང་ཁའེ་པུའུ་ཝེ་ཡིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིན་དེའི་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ། སྣུམ་འདྲུད་རླངས་འཁོར་ཞིག་མའོ་ལོ་ཀི་ལོ་ཞིང་ཆེན་དུ་བགྲོད་པའི་ལམ་བར་ནས་འཕྲུལ་རྟ་ཞིག་ལ་གཞོལ་ཆེད་རླངས་འཁོར་ལོག་པ་དང་། རླངས་འཁོར་སྟེང་གི་འབར་སྣུམ་གྱི་སྣོད་ལས་འབར་སྣུམ་ཕྱིར་བཞུར་བས་ཉེ་འདབས་མང་ཚོགས་ཀྱིས་འབར་སྣུམ་འཕྲོག་རྩོད་བྱས། དེའི་རྗེས་སུ་སྣུམ་འདྲུད་རླངས་འཁོར་ལ་འགས་གཏོར་བྱུང་སྟེ་མི་མང་བོར་ཤི་རྨས་བཟོས་པ་རེད་ཟེར། 

ཁའེ་པུའུ་ཝེ་ཡིས་བཤད་རྒྱུར། མིག་སྔར་མེ་གསོད་མི་སྣ་དང་ཉེན་རྟོག་པ་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱེད་བཞིན་ཡོད་པ་དང་། རྨས་མ་དག་བསྟུད་མར་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།