ཨ་ཧྥུའུ་ཧན་གྱི་གཉེན་སྟོན་ཞིག་གི་ཡུལ་དངོས་སུ་འཇབ་རྒོལ་ཐེབ་ནས་མི་རེ་གསུམ་རྐྱེན་ལམ་དུ་ཤོར། 
2019.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

འདི་ནི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་པར་བླངས་པའི་འཇབ་རྒོལ་ཐེབས་པའི་ཚོམས་ཁང་ནང་གི་རྣམ་པ་རེད། 

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས། འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་དག་གི་ལྷམ་མང་བོ་འཇབ་རྒོལ་བྱུང་སའི་ཡུལ་དངོས་སུ་སྤུངས་འདུག 

ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བདེན་དཔང་བྱས་དོན། རྒྱལ་ས་ཁཱ་པོར་ནུབ་ཕྱོགས་ཀྱི་གཉེན་སྟོན་བྱེད་བཞིན་པའི་ཚོམས་ཁང་ཞིག་ལ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་ཐེབས། མིག་སྔར་མི་རེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བརྒྱད་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ལཱ་ཞེ་མུས་ཀྱིས་གསར་འགོད་པར་བདེན་དཔང་བྱས་དོན། འགས་གཏོར་དོན་རྐྱེན་དེ་ཚེས་བཅུ་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་བཞི་བཅུའི་ཡས་མས་སུ་བྱུང་ཟེར། ཁཱ་པོར་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡིས་ཀྱང་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཤི་རྨས་ཐེབས་པའི་ཁ་གྲངས་དེ་བདེན་དཔང་བྱས། 

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་ཚོམས་ཁང་དེར་གཉེན་སྟོན་ཞིག་སྤེལ་བཞིན་ཡོད་པ་དང་། ཡུལ་དངོས་སུ་འགྲུལ་བ་མང་བོཡོད་པ་རེད། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་མ་བྱས་པ་དང་། དྲ་ཚིགས་སྟེང་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བའི་ཚུལ་བསྟན་ཡོད། 

ཉེ་སྔོན་ཁཱ་པོར་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་། ཟླ་འདིའི་ཚེས་བདུན་ཉིན། ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་དྲུག་པའི་ཉེན་རྟོག་ཅུའུ་ཡི་སྒོ་ཁ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཞེ་ལྔར་རྨས་ཕོག་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།