​ཐུར་ཁེས་ལྷོ་ནུབ་ཕྱོགས་ཀྱི་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བཅུ་བཞི་བསྐྱབས།
2019.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་ཉི་ཤུའི་ཉིན་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་ཨེ་ཆིན་མཚོ་ཁོངས་ནས་གྲུ་གཟིངས་ལོག་ནས་མཚོར་ལྷུང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བཅུ་བཞི་བསྐྱབས། མིག་སྔར་གར་སོང་མ་རྙེད་པའི་བྱིས་རློན་ཞིག་སྔོག་བཤེར་བྱེད་བཞིན་ཡོད།

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དྲ་ཚིགས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁྲིམས་འགལ་གནས་སྤོར་སྡོད་དམངས་བཅོ་ལྔ་དྲུད་པའི་དབུགས་གསོག་ཅན་གྱི་གྲུ་གཟིངས་ཆུང་བ་ཞིག་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་མུའུ་ལཱ་ཞིང་ཆེན་གྱི་པའོ་ཏི་ལུའུ་མུའུ་ས་ཁུལ་ཉེ་འདབས་ཀྱི་མཚོ་ཁོངས་ནས་མཚོར་ནུབ། ཁྲིམས་འགལ་གནས་སྤོར་སྡོད་དམངས་བཅུ་བཞི་ལས་གཞན་ད་རུང་རྒུད་སྐྱོབ་མི་སྣས་མི་ལྐོག་འཚོང་བྱེད་པར་དོགས་པའི་མི་གཞན་ཞིག་ཀྱང་བསྐྱབས་ཡོད་པ་དང་། མིག་སྔར་བྱིས་རློན་ཞིག་གར་སོང་མ་རྙེད་པར་མཚོ་ཐོག་ནས་མུ་མཐུད་དུ་སྔོག་བཤེར་བྱེད་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་རྒྱལ་ཁབ་གང་གི་ཡིན་པ་དང་འགྲོ་འདོད་སའི་དམིགས་ཡུལ་གང་ཡིན་པ་གསལ་བོར་གླེང་མེད།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།