​ཨིག་ཀྭ་ཏོར་གྱི་ཙུང་ཐུང་གིས་སྲིད་གཞུང་ལས་ཁུངས་གནས་སྐབས་སུ་བཀའ་ཡཱ་ཅི་ཨར་རུ་གནས་སྤར་རྒྱུ་ཁྱབ་སྒྲོག་བྱས།
2019.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཨིག་ཀྭ་ཏོར་གྱི་ཙུང་ཐུང་མའོ་ལོས་ནོའུ་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། མིག་སྔའི་རྒྱལ་ས་ཅི་ཏའོ་ཡི་བདེ་འཇགས་གནས་བབ་སྔར་ལས་ཛ་དྲག་ཡིན་པས། ཨིག་ཀྭ་ཏོར་སྲིད་གཞུང་གི་ལས་ཁུངས་དག་གནས་སྐབས་སུ་ཅི་ཏའོ་ནས་ཨིག་ཀྭ་ཏོར་གྱི་གྲོང་ཁྱེར་ཆེན་པོ་དང་པོ་བཀའ་ཡཱ་ཅི་ཨར་དུ་སྤར་རྒྱུ་ཡིན་ཟེར། 

མའོ་ལོས་ནོའུ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་སྤེལ་བའི་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་ལས་བཤད་རྒྱུར། ཟླ་བཅུ་བའི་ཚེས་གསུམ་ཉིན་ནས་བཟུང་། ཨིག་ཀྭ་ཏོར་གྱི་སྤྱི་ཚོགས་ཀྱི་ངོ་རྒོལ་བྱ་འགུལ་གྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཟེར། ཁོས་བཤད་རྒྱུར། ངོ་རྒོལ་བྱ་འགུལ་གྱི་དྲག་ཤུགས་རྣམ་པ་སྔར་ལས་ཇེ་དྲག་ཡིན་ཞིང་། འཕྲོག་རྡུང་བཅོམ་གསུམ་གྱི་དྲག་ཤུགས་བྱ་འགུལ་གང་འདོད་དུ་སྤེལ་བཞིན་ཡོད། དེ་ནི་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་འགུལ་སྐྱོད་ཅིག་ཡིན་ལ། དམིགས་ཡུལ་ནི་ཨིག་ཀྭ་ཏོར་གྱི་དམངས་གཙོའི་སྒྲིག་ལམ་ལ་གཏོར་བརླག་གཏོང་བ་དང་། སྲིད་གཞུང་གི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་ཆེད་དུ་རེད་ཟེར། 

མའོ་ལོས་ནོའུ་ཡིས་ཨིག་ཀྭ་ཏོར་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཁི་ལོས་ཡཱ་ནི་དྲག་ཤུགས་བྱ་འགུལ་གྱི་ལྟག་རྒྱབ་ཀྱི་བཀོད་འདོམ་བྱེད་མཁན་ཡིན་པར་སྐྱོན་འཛུགས་བྱས། ཁོས་ཁི་ལོས་ཡཱ་དང་དེའི་རྒྱབ་སྐྱོར་མཁན་གྱིས་ངོ་རྒོལ་བྱ་འགུལ་ལ་བརྟེན་ནས་ད་ལྟའི་སྲིད་གཞུང་རྩ་རྫོགས་བྱེད་སྲིད་འགྱུར་ཞིག་སློང་འདོད་པ་རེད་ཟེར། 

མའོ་ལོས་ནོའུ་ཡིས་ནན་གྱིས་བསྟན་དོན། སྲིད་གཞུང་བག་འཁུམ་ནས་འདུག་མི་སྲིད་པ་དང་། གནོན་ཤུགས་འོག་ཏུ་དཔལ་འབྱོར་བཅོས་བསྒྱུར་མཚམས་འཇོག་མི་སྲིད་ཟེར། ཁོས་ད་རུང་ངོ་རྒོལ་མཁན་གྱིས་མྱུར་དུ་སྲིད་གཞུང་བར་གྲོས་མོལ་བྱས་ཏེ་འགལ་བ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།