འཇར་མན་ཤར་ཕྱོགས་ས་ཁུལ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར། 
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

འཇར་མན་ཤར་ཕྱོགས་ཀྱི་ཧཱ་ལོས་གྲོང་ཁྱེར་ནས་ཚེས་དགུའི་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། མེ་མདས་བརྒྱད་པའི་དོན་རྐྱེན་དེ་ཧཱ་ལོས་གྲོང་ཁྱེར་གྱི་པའོ་ལུའུ་སི་ས་ཁུལ་དུ། དོགས་ཡོད་ཉེས་ཅན་འགའ་ཡིས་མེ་མདས་བརྒྱབ་སྟེ་མི་གཉིས་བསད་རྗེས་རླངས་འཁོར་ལ་བསྡད་ནས་བྲོས་བྱོལ་བྱས། དོན་རྐྱེན་བྱུང་རྗེས་ཉེན་རྟོག་ཕྱོགས་ཀྱིས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་ས་ཁོངས་དང་ས་དེའི་མེ་འཁོར་ས་ཚིགས་སོགས་བཀག་སྡོམ་བྱས་པ་དང་། དམིགས་བསལ་དམག་དཔུང་མངག་ནས་སྐོར་གཡེང་བྱས། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས་ཡོད་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་མཁན་ཞིག་གིས་གདོང་ཁེབས་གྱོན་ཡོད་པ་དང་། ལག་ཏུ་བསྟུད་བརྒྱག་མེ་མདའ་བཟུང་ཡོད་པར་མ་ཟད་ལག་འབོམ་བཀོལ་བ་རེད་ཟེར། དོན་རྐྱེན་བྱུང་ས་དེ་ཡིའུ་ཐེ་བའི་ཆོས་ཁང་ཞིག་གི་ཉེ་འདབས་ཡིན་པ་དང་། འཇབ་རྒོལ་མཁན་དེས་མེ་མདས་མ་བརྒྱབ་གོང་ཆོས་ཁང་དེར་འཛུལ་རྩིས་བྱེད་བཞིན་ཡོད་ཟེར། 

ཧཱ་ལོས་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་ད་རུང་བདེན་དཔང་བྱས་དོན། གྲོང་ཁྱེར་དེའི་ཤར་ངོས་ཀྱི་སྤྱི་ལེ་བཅོ་ལྔའི་མཚམས་སུ་ཡོད་པའི་ལན་ཚི་པེ་ཀི་ནས་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བར་བཤད་ཀྱང་བྱེ་བྲག་གི་ནང་དོན་ཞིབ་རྒྱས་བརྗོད་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།