ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བཅུ་གཅིག་བསད། 
2019.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་བཅུ་གཅིག་བསད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དམག་དཔོན་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣ་བཅུ་ཕྲག་འགའ་ཡིས་ཉིན་དེར་ཏཱ་ལེ་ཨ་ཞིང་ཆེན་ནུབ་ཕྱོགས་ཀྱི་ཅཱ་ཐེ་པེད་ས་ཁུལ་དུ་བཅའ་སྡོད་བྱེད་པའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་ཡོད་ཟེར། སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པ་མཐར་སྐྲོད་བཏང་བར་མ་ཟད་མི་བཅུ་གཅིག་བསད་པ་དང་། མི་འགར་རྨས་ཕོག་ཡོད་ཟེར། ཁོས་སྲིད་གཞུང་དམག་དཔུང་གི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད། 

ཉེ་བའི་དུས་སྐབས་ཤིག་གི་ནང་། ཧུའུ་སེ་དྲག་ཆས་པས་ཏཱ་ལེ་ཨ་ཞིང་ཆེན་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་སྐོར་ཞིག་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་པ་དང་། སྲིད་གཞུང་དམག་དཔུང་གིས་ས་ཁུལ་དེའི་སྡེ་ཁ་སྐོར་ཞིག་ལ་ཚོད་འཛིན་བྱས་ཡོད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།