ཐུར་ཁེ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་བདེ་འཇགས་ས་ཁུལ་འཛུགས་པར་གྲོས་མཐུན་བཀོད། 
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བདུན་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་བདེ་འཇགས་ས་ཁུལ་འཛུགས་པའི་གནད་དོན་ཐད་ནས་གྲོས་མཐུན་བཀོད། 

ཕིན་སི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་དེ་དུས་ཚོད་བརྒྱ་དང་ཉི་ཤུའི་རིང་མཚམས་འཇོག་དགོས་པ་དང་། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཐུར་ཁེ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་རིང་ཚད་ལ་སྤྱི་ལེ་སོ་གཉིས་ཡོད་པའི་བདེ་འཇགས་ས་ཁུལ་འཛུགས་རྒྱུ་ཡིན་ལ། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་བདེ་འཇགས་ས་ཁུལ་དེ་ནས་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད་ཟེར། 

ཕིན་སི་ཡིས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་དངོས་འབེབ་བྱས་ན། ཨ་མེ་རི་ཁས་ཐུར་ཁེ་ལ་ལག་བསྟར་བྱེད་པའི་བཀག་སྡོམ་མེད་པར་གཏོང་རྒྱུ་ཡིན་ཟེར། 

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གཞན་ཞིག་གི་སྟེང་ནན་གྱིས་བསྟན་དོན། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་འཁྲུག་རྩོད་མཚམས་འཇོག་མི་སྲིད་པ་དང་། གནས་སྐབས་སུ་འགུལ་སྐྱོད་མཚམས་འཇོག་པ་ཙམ་ཡིན། ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་དང་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་དྲག་ཆས་ཚོགས་ཁག་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་ན། ཐུར་ཁེ་ཡིས་ད་གཟོད་མིག་སྔའི་དམག་དོན་འགུལ་སྐྱོད་མཚམས་འཇོག་ངེས་ཡིན་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ད་རུང་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁས་བཀོད་པའི་གྲོས་མཐུན་ལས་མི་དམངས་སྲུང་སྐྱོབ་དམག་དཔུང་ཐུར་ཁེས་བཙུགས་པའི་བདེ་འཇགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་པར་མ་ཟད། ཁུའུ་ཨར་ཏི་དྲག་ཆས་པས་མཚོན་ཆ་སྤྲད་དེ་རང་གི་འཐབ་ར་སོགས་གཏོར་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁ་དང་ཐུར་ཁེ་ཡིས་གྲོས་མཐུན་བཀོད་པར་གཟེངས་བསྟོད་བྱས་པ་དང་། ཨེ་ཨར་ཏའོ་ཨན་ལ་བཀའ་དྲིན་ཞུས། ཡིན་ཡང་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མི་རེ་འགས་གྲོས་མཐུན་དེར་ཁས་ལེན་བྱས་མེད། སྤྱི་མཐུན་ཏང་གི་གྲོས་ཞུགས་གྲོས་མི་ལོ་མུའུ་ནེ་ཡིས་བཤད་རྒྱུར། གྲོས་མཐུན་དེ་ནི་ཨ་མེ་རི་ཁས་ཐུར་ཁེའི་བར་བཀོད་པའི་གྲོས་མོལ་གྱི་གྲུབ་འབྲས་ཙམ་ཡིན་པ་ལས། ཨ་མེ་རི་ཁས་ཁུའུ་ཨར་ཏི་བ་བསྐྱུར་བའི་དོན་དངོས་བསྒྱུར་མེད་པས། དེ་ནི་རྒྱལ་ཁ་ཞིག་མ་ཡིན་ཟེར། སྤྱི་མཐུན་ཏང་གི་གྲོས་ཞུགས་གྲོས་མི་ཀི་ལོས་ཨིག་མུའུ་དང་ལི་ཧྲི་ཡིས་ཀྱང་ཉིན་དེར་མུ་མཐུད་དུ་ཕྱོགས་སོ་སོའི་ཐུར་ཁེ་ལ་བཀག་སྡོམ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་སྐུལ་འདེད་གཏོང་དགོས་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།