​ཐུར་ཁེའི་ཙུང་ཐུང་གིས་ཁུའུ་ཨར་ཏི་དྲག་ཆས་པ་ཉིན་ལྔའི་ནང་བདེ་འཇགས་ས་ཁུལ་དང་འབྲལ་དགོས་པའི་རེ་བ་བཏོན།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་ཉིན་ལྔའི་ནང་བདེ་འཇགས་ས་ཁུལ་དང་འབྲལ་དགོས་པའི་རེ་བ་བཏོན། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་ཐན་པོར་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་དེ་ཐུར་ཁེ་ཕྱོགས་ཀྱི་སི་རི་ཡཱའི་བྱང་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་འཛུགས་འདོད་པའི་བདེ་འཇགས་ས་ཁུལ་དང་འབྲལ་དགོས་ཟེར། ཁོས་བཤད་རྒྱུར། བདེ་འཇགས་ས་ཁུལ་གྱི་ཞེང་ཚད་ལ་སྤྱི་ལེ་སོ་གཉིས་དང་། རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་དང་ཞེ་བཞི་ཡོད་ཀྱང་། བྱེ་བྲག་གི་ཁྱབ་ཁོངས་དེ་དོན་དངོས་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་པ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ད་རུང་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁས་ཚེས་བཅུ་བདུན་ཉིན་བཀོད་པའི་གྲོས་མཐུན་ལྟར་ན། ཐུར་ཁེ་དམག་དཔུང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་མི་སྲིད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཉེན་བརྡ་བཏང་སྟེ། གལ་ཏེ་ཉིན་ལྔའི་རྗེས་ཀྱི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་བདེ་འཇགས་ས་ཁུལ་དང་མ་བྲལ་ན། ཐུར་ཁེ་དམག་ཕྱོགས་ཀྱིས་ཡང་བསྐྱར་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།