ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་སི་རི་ཡཱའི་བྱང་ཤར་ཕྱོགས་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་དག་དབྱི་རག་ཏུ་བཀོད་སྒྲིག་བྱེད་རྒྱུའི་ཚུལ་བསྟན། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་མི་སྟོང་གཅིག་ཙམ་དེ་དབྱི་རག་ནུབ་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་ཨེ་སི་པའོ་ཨ་ཧྥུའུ་ཧན་དུ་བགྲོད་པའི་ལམ་བར་ནས་གསར་འགོད་པའི་དྲི་བར་ལན་བཏབ་པའི་གནས་ཚུལ་ཁྱབ་སྒྲོག་བྱས། ཨེ་སི་པའོ་ཡིས་བསྟན་དོན། དམག་དཔུང་ཕྱིར་འཐེན་གྱི་འཆར་གཞི་དེར་གཟའ་འཁོར་འགའི་དུས་ཡུན་དགོས་པ་དང་། ཨ་མེ་རི་ཁའི་དམག་མི་དག་དག་དབྱི་རག་ཏུ་བཀོད་སྒྲིག་བྱས་རྗེས་གཙོ་བོ་དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་སྲུང་དང་ཆམ་ཕབ་གཏོང་བར་རོགས་རམ་བྱེད་པའི་འགན་ཁུར་རྒྱུ་ཡིན་ཟེར། 

ཨེ་སི་པའོ་ཡིས་བཤད་རྒྱུར། ཁོས་དབྱི་རག་གི་རྒྱལ་སྲུང་བློན་ཆེན་དང་མཉམ་དུ་དོན་དེར་གྲོས་བསྡུར་བྱས་པར་མ་ཟད། དེ་ནི་མིག་སྔའི་འཆར་གཞི་ཙམ་ཡིན་པ་དང་། འཆར་གཞི་ལ་དུས་ངེས་མེད་དུ་འགྱུར་ལྡོག་འབྱུང་སྲིད་ཟེར། 

མིག་སྔར་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་བཅའ་སྡོད་དམག་མི་སྟོང་ལྔ་དང་ཉིས་བརྒྱ་ཙམ་ཡོད་པ་དང་། ལས་འགན་གཙོ་བོ་ནི་དབྱི་རག་གི་དམག་དཔུང་ལ་སྦྱོར་བརྡར་བྱེད་པར་རོགས་རམ་དང་དམག་དོན་བློ་འདོན་པའི་འགན་ཁུར་རྒྱུ་མ་ཟད། ཞོར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་མངའ་ཁོངས་ཀྱི་ལྷག་འཕྲོར་ཆམ་ཕབ་གཏོང་རྒྱུ་དེ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།