ཀྲི་ལིའི་སྲིད་གཞུང་གིས་སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྒྲིག་ལམ་ལ་འགན་སྲུང་བྱེད་རྒྱུ་རེད། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཀྲི་ལིའི་ནང་སྲིད་པུའུ་ཀྲང་ཁྲ་ཏི་ཝེ་ཁི་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། རྒྱལ་ས་ཧྲིན་ཏིས་ཡཱ་ཀི་མ་གཏོགས་པའི་གྲོང་ཁྱེར་གཞན་པ་ནས་ཀྱང་དྲག་ཤུགས་གཏོར་བརླག་བྱ་སྤྱོད་བྱུང་ཡོད་པ་དང་། ཁང་སེ་ཕུའུ་ཞི་ཝུན་དང་ཝ་ཨར་ཕཱ་ལའེ་སོ་གྲོང་ཁྱེར་གྱིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར། 

ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྲ་ཏི་ཝེ་ཁི་ཡིས་བཤད་རྒྱུར། ཁང་སེ་ཕུའུ་ཞི་ཝུན་གྱིས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་ནས་ཞོགས་པའི་དུས་ཚོད་བདུན་བར་མཚན་མགྲོན་བཀག་པ་དང་། ཝ་ཨར་ཕཱ་ལའེ་སོ་ནས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་བར་མཚན་མགྲོན་བཀག་ཡོད། ལཱ་སེ་ལོས་ནཱ་དང་ཅིན་པའོ་གྲོང་ཁྱེར་གྱིས་དོགས་ཟོན་མཐོར་འདེགས་བྱེད་པའི་བཀའ་རྒྱའང་སྒྲུབ་བཞིན་པའི་སྒང་ཡིན་ཟེར། 

ཁྲ་ཏི་ཝེ་ཁི་ཡིས་མུ་མཐུད་དུ་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན། 

ཀྲི་ལིའི་རྒྱལ་སྲུང་བློན་ཆེན་ཨེ་སི་ཕིས་ནཱ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཕྲོག་བཅོམ་གྱི་སྣང་ཚུལ་ཚབས་ཆེན་བྱུང་བར་གཞིགས་ཏེ། དམག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་ནས་བཟུང་ཧྲིན་ཏིས་ཡཱ་ཀི་རུ་དམག་མི་སྟོང་གཅིག་དང་ལྔ་བརྒྱ་མངག་ནས་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དུ་འཇུག་རྒྱུ་ཐག་བཅད། སྐབས་ཐོག་དེར་རྒྱལ་སའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་དམག་དཔུང་དང་ཉེན་རྟོག་པའི་སྤྱི་གྲངས་སྟོང་དགུ་ལས་བརྒལ་སྲིད་པ་དང་། ཁོ་ཚོས་ཆུ་འདོན་སྒྲིག་ཆས་དང་གནམ་གྲུ་ཁང་། ས་འོག་ལྕགས་ལམ་སོགས་ལ་སྲུང་སྐྱོབ་བྱས་ཏེ་འཕྲོག་བཅོམ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་འབྱུང་བར་སྔོན་འགོག་བྱེད་རྒྱུ་རེད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།