ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དང་ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་དབང་ཤུགས་བགོ་བཤའི་གྲོས་མུལན་ཞིག་བཀོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རྒྱུ་ཡིན་ཟེར།
མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་བར་འདུམ་བྱས་འོག ཕྱོགས་གཉིས་ཀྱིས་ཚེས་ཉེར་བཞིའི་ཉིན་གྲོས་མཐུན་བཀོད་དེ། མཉམ་དུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རྒྱུ་ཐག་བཅད་ཡོད་ཟེར། གྲོས་མཐུན་གསར་བ་ལྟར་ན། སྲིད་གཞུང་གསར་བར་པུའུ་ཀྲང་གི་ལས་གནས་ཉེར་བཞི་ཡོད་པ་དང་། ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་སོ་སོར་ཕྱེད་ཀ་ཐོབ་སྲིད། པུའུ་ཀྲང་ཚང་མ་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་བསྐོ་འཇོག་བྱ་དགོས་ལ། སྲིད་གཞུང་གསར་བ་དེ་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་གྲོང་ཁྱེར་ནས་འཛུགས་རྒྱུ་རེད་ཟེར།
ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། གྲོས་མཐུན་དེ་ཡེ་མིན་ལྷོ་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་པ་དང་། ཡེ་མིན་ལྷོ་ཕྱོགས་ས་ཁུལ་དེ་བདེ་འཇགས་དང་ཞི་བདེ། གཏན་འཇགས་བཅས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབ་ཐུབ་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།