ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཡུལ་བབ་མཚོན་བྱེད་གྲོས་ཆོད་དེ་ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་ཕན་ཐོགས་ཡོད་པའི་ཚུལ་བསྟན།
2019.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཡུལ་བབ་མཚོན་བྱེད་གྲོས་ཆོད་མཚམས་སྦྱོར་བྱས་པ་དང་། དེ་ནི་ལམ་ཚད་རྡོ་རིང་ལྟ་བུའི་གྲོས་ཆོད་ཅིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་ཕན་ཐོགས་ཡོད་པར་མ་ཟད། ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་མིག་དཔེ་དེ་ལས་སྒོ་འབྱེད་དང་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་བརྩི་སྲུང་ནི་ཉོ་ཚོང་འབྲེལ་བའི་རྨང་གཞི་ཡིན་པ་གསལ་བོཏ་བསྟན་ཡོད་ཟེར། 

ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཚེས་དྲུག་ཉིན་ཀྲུང་གོདང་ཡོ་རོབ་གླིང་གི་ཡུལ་བབ་མཚོན་བྱེད་གྲོས་ཆོད་ཀྱི་གྲོས་མོལ་མཇུག་སྒྲིལ་བའི་མཉམ་འབྲེལ་གསལ་སྒྲོག་བཀོད་པར་བདེན་དཔང་བྱས། 

ཀྲུང་གོའི་ཚོང་དོན་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཡུལ་བབ་མཚོན་བྱེད་ནི་ཐོན་རྫས་ཀྱི་ཐོན་ཡུལ་གསལ་བོར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། ཤེས་བྱའི་ཐོན་དབང་གི་རིགས་སུ་གཏོགས། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ལ་ལོ་རྒྱུས་རིང་བོ་ལྡན་པ་དང་། ཡུལ་བབ་མཚོན་བྱེད་ཀྱི་ཐོན་རྫས་ཕུན་སུམ་ཚོགས་པ་ཡོད། ཕྱོགས་གཉིས་ཀྱིས་ཡུལ་བབ་མཚོན་བྱེད་ཀྱི་སྲུང་སྐྱོབ་དང་མཉམ་ལས་གྲོས་ཆོད་བཀོད་པ་དེ་ཕྱོགས་གཉིས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཆོད་དེ་ཕྱོགས་གཉིས་ཀྱི་སྤུས་ཚད་མཐོ་བའི་ཐོན་རྫས་ཀྱི་དགོས་མཁོ་ཇེ་ཆེར་གཏོང་བར་ཕན་ཐོགས་ཡོད་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཞིང་ལས་ཀྱི་འགན་ཁུར་བའི་ཨུ་ཡོན་ཧྥེ་ཨར་ཧའོ་ཀིན་གྱིས་བསྟན་དོན། གྲོས་ཆོད་དེས་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་ཉོ་ཚོང་འབྲེལ་བ་ཇེ་དྲག་ཏུ་བཏང་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་དང་ཟས་རིགས་ལས་རིགས། འཛད་སྤྱོད་མཁན་བཅས་ལ་ཁེ་ཕན་ཐོབ་སྲིད་ཟེར། 

ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་རྗེས་སུ་རང་རང་གི་བཅའ་ཁྲིམས་གཏན་འཁེལ་ལྟར་ནང་ཁུལ་གྱི་སྙན་ཞུ་མཆན་བཀོད་ལས་རིམ་ལག་བསྟར་བྱས་ཏེ། གྲོས་ཆོད་དེ་དངོས་སུ་འགོད་རྒྱུ་རེད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཚོད་དཔག་བྱས་པ་ལྟར་ན་གྲོས་ཆོད་དེ་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་གི་སྔོན་ལ་ནུས་ལྡན་དུ་འགྱུར་ངེས་རེད། 

ཀྲུང་གོའི་ཚོང་དོན་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། གྲོས་ཆོད་དེ་ནི་ཀྲུང་གོའི་ཕྱི་ཕྱོགས་བར་བཀོད་པའི་ཆུ་ཚད་མཐོ་བའི་ཡུལ་བབ་མཚོན་བྱེད་ཀྱི་གྲོས་ཆོད་ཅིག་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། གྲོས་ཆོད་བཀོད་པ་ལས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་མཐོང་ཆེན་བྱེད་པ་མཚོན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་ཡུལ་བབ་མཚོན་བྱེད་དང་བཅས་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ཆོད་སེམས་བརྟན་པོ་ཡང་མཚོན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།