​ཨུ་རུ་སིའི་དམག་དོན་གྱེན་འཕུར་གནམ་གྲུས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་སྐོར་གཡེང་བྱེད་མགོ་བརྩམས།
2019.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སི་རི་ཡཱ་རུ་སྡོད་པའི་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་འདུམ་འགྲིག་ལྟེ་གནས་ཀྱི་ཀྲུའུ་རིན་པའོ་ལེན་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཨུ་རུ་སིའི་མཁའ་དམག་གི་ཁོངས་སུ་གཏོགས་པའི་གྱེན་འཕུར་གནམ་གྲུས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དུས་བཅད་ལྟར་སྐོར་གཡེང་བྱེད་མགོ་གབརྩམས་ཡོད་ཟེར། 

པའོ་ལེན་ཁི་ཧྥུའུ་ཡིས་བཤད་པ་ལྟར་ན། སྐོར་ཐེངས་དང་པོའི་སྐོར་གཡེང་བྱ་འགུལ་ཚེས་བདུན་ཉིན་སྤེལ་བ་དང་། ཨུ་རུ་སིའི་དམག་དོན་གྱེན་འཕུར་གནམ་གྲུས་ཉིན་རེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་སྐོར་གཡེང་བྱེད་རྒྱུ་ཡིན། བར་སྣང་སྐོར་གཡེང་བྱེད་པའི་ལམ་ཐིག་ནི་ཨུ་རུ་སིའི་ཉེན་རྟོག་དམག་དཔུང་གི་ས་ངོས་ཀྱི་སྐོར་གཡེང་ལམ་ཐིག་དང་ཕལ་ཆེར་གཅིག་མཚུངས་ཡིན་ལ། གྱེན་འཕུར་གནམ་གྲུ་གཉིས་རྨིད་ལྔ་བཅུ་ནས་རྨིད་དྲུག་ཆུའི་མཐོ་ཚད་དུ་དམའ་མོར་འཕུར་ནས་སྐོར་གཡེང་བྱེད་བཞིན་ཡོད་ཟེར། 

པའོ་ལེན་ཁི་ཧྥུའུ་ཡིས་བསྟན་དོན། གྱེན་འཕུར་གནམ་གྲུས་བར་སྣང་ནས་སྐོར་གཡེང་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་ས་ངོས་ཀྱི་སྐོར་གཡེང་ལས་འགན་ལག་བསྟར་བྱེད་པའི་ཉེན་རྟོག་དམག་དཔུང་ལ་བར་སྣང་ནས་འགེབས་སྲུང་བྱེད་པའི་ཆེད་དུ་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།