ཅི་ཧྥུའུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྤེལ་མགོ་བརྩམས་པ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2019.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 83

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཅི་ཧྥུའུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། 

ཅི་ཧྥུའུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པ་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་སྤེལ་མགོ་བརྩམས། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་གཏམ་བཤད་སྤེལ་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཙེ་ལེན་སི་ཅི་ཡིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། དེང་རབས་དཔལ་འབྱོར་ནི་བློ་གྲོས་ཀྱི་དཔལ་འབྱོར་ཡིན་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དེ་གཙོ་བོ་གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་དགོས། ཝུའུ་ཁི་ལན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་འབྱུང་དུ་འཇུག་པའི་ཆོད་སེམས་དང་སྟོབས་ཤུགས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པ་དང་། ཁྱད་པར་དུ་ཝུའུ་ཁི་ལན་གྱི་གསར་དར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་གི་དངུལ་གཏོང་ཇེ་མང་དུ་གཏོང་བའི་རེ་བ་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་བསྟན་དོན། དུས་རབས་ཉེར་གཅིག་པའི་འགྲན་རྩོད་ཐག་གཅོད་བྱེད་ཆེད། ཝུའུ་ཁི་ལན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛིན་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་དང་། རུལ་སུངས་ལ་ཆམ་ཕབ་བཏང་། དེའི་ཞོར་དུ་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲངས་ལྡན་དཔལ་འབྱོར་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་དངུལ་གཏོང་མཁན་ལ་འདྲ་མཉམ་འགྲན་རྩོད་ཀྱི་ཁྲིམས་མཐུན་ཁོར་ཡུག་ཅིག་གསར་སྐྲུན་བྱ་རྒྱུ་ཡིན་ཟེར། 

སྐབས་འདིའི་ཅི་ཧྥུའུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་བརྗོད་སྙིང་ནི་བཅོས་བསྒྱུར་ཁྲོད་ཀྱི་འཛམ་གླིང་གི་མ་འོངས་པ་གསར་སྐྲུན་བྱ་དགོས་ཞེས་པ་དེ་ཡིན་པ་དང་། དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ལ་གྲོས་བསྡུར་བྱེད་པའི་ཆེད་དུ་རེད། རྒྱལ་ཁབ་སུམ་ཅུ་ལྷག་ནས་ཡོང་བའི་སྲིད་གཞུང་དང་ཁེ་ལས་ལས་རིགས་ཀྱི་འཐུས་མི། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་མི་སྟོང་གཉིས་ལྷག་གླེང་སྟེགས་ལ་ཞུགས། 

ཅི་ཧྥུའུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་དེ་ཉིས་སྟོང་བཅུ་བཞིའི་ལོ་ནས་བཟུང་སྤེལ་མགོ་བརྩམས་པ་དང་། དེའི་རྗེས་སུ་ལོ་རེར་ཐེངས་རེ་སྤེལ་བ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།