ཡའོ་ཧན་ནེ་སི་དང་ཏིན་ཆི་ལེ་གཉིས་རོ་མཱ་ནི་ཡཱའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས། 
2019.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རོ་མཱ་ནི་ཡཱའི་ཀྲུང་དབྱང་འདེམ་བསྐོའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་འདེམ་ཤོག་རྩིས་ལེན་གྱི་ཐོག་མའི་མཇུག་འབྲས་ལྟར་ན། འདེམ་སྒུག་མི་སྣ་གང་རུང་ལ་ཉེ་སྔོན་གྱི་སྐོར་ཐེངས་དང་པོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་སྤྱི་གྲངས་ཀྱི་ཕྱེད་ཀ་བརྒལ་བའི་འདེམ་ཤོག་ཐོབ་མེད་པ་དང་། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་ད་ལྟའི་ཙུང་ཐུང་ཡའོ་ཧན་ནེ་སི་དང་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཏིན་ཆི་ལེ་གཉིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འགྲན་རྩོད་ནང་ཞུགས་དགོས་པ་བྱུང་། 

ཀྲུང་དབྱང་འདེམ་བསྐོའི་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པ་ཕུའུ་ལོས་ཨོ་ཚའེ་སི་ཁུའུ་ཡིས་བཤད་རྒྱུར། བརྒྱ་ཆའི་གོ་ལྔའི་འདེམ་ཤོག་ལ་བསྡོམས་རྩིས་བྱས་པ་ལྟར་ན། ཡའོ་ཧན་ནེ་སི་ལ་སྐོར་ཐེངས་དང་པོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་དགུ་གཅིག་གི་འདེམ་ཤོག་ཐོབ་ཡོད་པ་དང་། ཏིན་ཆི་ལེ་ལ་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བཞི་ལྔའི་འདེམ་ཤོག་ཐོབ་ཡོད། རོ་མཱ་ནི་ཡཱའི་མྱུར་སྐྱོབ་མནའ་འབྲེལ་གྱི་ཀྲུའུ་ཞི་པཱ་ཨར་ནཱ་ལ་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གཅིག་དགུའི་འདེམ་ཤོག་ཐོབ་ཡོད། རོ་མཱ་ནི་ཡཱའི་ཀྲུང་དབྱང་འདེམ་བསྐོའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གསུམ་ཉིན་སྐོར་ཐེངས་དང་པོའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར། 

པཱ་ཨར་ནཱ་ཡིསི་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རང་ཉིད་ལ་འདེམ་བསྐོའི་ཁྲོད་ཕམ་ཉེས་བྱུང་ཡོད་པ་ཁས་ལེན་བྱས་པར་མ་ཟད། འདེམ་དམངས་ཀྱིས་ཡའོ་ཧན་ནེ་སི་དང་ཏིན་ཆི་ལེ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་སུ་འཇུག་པའི་གདམ་གསེས་ཀྱི་མཇུག་འབྲས་ལ་བརྩི་འཇོག་བྱེད་པའི་ཚུལ་བསྟན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།