མའོ་ཨར་ཏའོ་ཝའི་སྲིད་གཞུང་གསར་བར་གྲོས་ཁང་གི་ཡིད་ཆེས་ཀྱི་འདེམ་ཤོག་ཐོབ་ནས་འཐད་པ་བྱུང་། 
2019.11.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 59

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན། མའོ་ཨར་ཏའོ་ཝའི་རྒྱལ་ས་ཅི་ཞེ་ནི་ཝུའུ་ནས། མའོ་ཨར་ཏའོ་ཝའི་ཙུང་ལི་ཅི་ཁུའུ་ཡིས་ཙུང་ཐུང་བཞུགས་ཤག་ཏུ་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཙུང་ལི་ཅི་ཁུའུ་ཡིས་མགོ་ཁྲིད་པའི་མའོ་ཨར་ཏའོ་ཝའི་ཆེད་མཁས་རྣམ་པ་ཅན་གྱི་སྲིད་ཞུང་ལ་ཚེས་བཅུ་བཞིའི་ཉིན་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་ནས་འཐད་པ་བྱུང་བ་དང་། བསྡོམས་པས་གྲོས་མི་རེ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཟེར། 

མའོ་ཨར་ཏའོ་ཝའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཅི་ཁུའུ་ཡིས་ཉིན་དེར་གྲོས་ཁང་གིས་འདེམ་ཤོག་མ་འཕངས་གོང་གཏམ་བཤད་སྤེལ་ཏེ། སྲིད་གཞུང་གསར་བའི་འགན་ཡུན་ནི་སང་ལོའི་སྟོན་ཁར་ཙུང་ཐུང་འདེམ་བསྐོ་བྱེད་རག་བར་ཡིན་པ་དང་། ལས་འགན་གཙོ་བོ་ནི་མིག་སྔའི་ཛ་དྲག་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་ཚུལ་ལེགས་བཅོས་བྱེད་རྒྱུ་དེ་ཡིན། གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་སྤྱི་ཚོགས་རིང་ལུགས་ཏང་དང་ཏང་ཁག་གཉིས་པ་དམངས་གཙོ་ཏང་གི་གྲོས་མིས་སྲིད་གཞུང་གསར་བར་ཡིད་འཐད་ཀྱི་འདེམ་ཤོག་འཕངས་པ་རེད། རྩ་ཁྲིམས་ལྟར་ན། སྲིད་གཞུང་གསར་བར་གྲོས་ཁང་གི་སྤྱི་གྲངས་ཀྱི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་སྟེ་འདེམ་ཤོག་ང་གཅིག་ལས་བརྒལ་ན་ཡིད་འཐད་འབྱུང་སྲིད་པ་རེད། 

ཅི་ཁུའུ་ཡིས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་པའི་རྗེས་སུ་བཤད་རྒྱུར། ནེ་ཀིའི་ཁོངས་མི་ཚང་མ་ཆེད་མཁས་པ་ཡིན་ཞིང་། དེའི་སྔོན་ཆབ་སྲིད་ཀྱི་ལས་འགན་གང་ཡང་ཁུར་མྱོང་མེད། སྲིད་གཞུང་གསར་བས་བཅོས་བསྒྱུར་དང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གཏན་འཇགས་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། ཅི་ཁུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གསར་བས་དེའི་རྗེས་སུ་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ད་ལོར་ལོ་ཞེ་བདུན་ཡིན་པའི་ཅི་ཁུའུ་ཡིས་སྔོན་ཆད་མའོ་ཨར་ཏའོ་ཝ་སྲིད་གཞུང་གི་ནོར་སྲིད་བློན་ཆེན་གྱི་འགན་ཁུར་མྱོང་། ད་ལོའི་ཟླ་བདུན་པ་ནས་ད་ལྟའི་བར་ཙུང་ཐུང་གི་བློ་འདོན་པའི་འགན་ཁུར། བསྒྲགས་པ་ལྟར་ན། མི་བཅུ་གཅིག་གིས་གྲུབ་པའི་སྲིད་གཞུང་གསར་བའི་ཁྲོད་མི་དྲུག་གིས་དེའི་སྔོན་ཙུང་ཐུང་གི་བློ་འདོན་པའི་འགན་ཁུར་མྱོང་བ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།