ལི་པུ་ཡཱའི་རྒྱལ་སའི་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་བདུན་རྐྱེན་ལམ་དུ་ཤོར། 
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ལི་པུ་ཡཱའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ལྷོ་ངོས་ཀྱི་བཟོ་གྲྭ་ཞིག་ལ་ཉིན་དེའི་སྔ་དྲོར་བར་སྣང་འཇབ་རྒོལ་ཐེབས་ནས། མི་བདུན་རྐྱེན་ལམ་དུ་ཤོར། 

ལི་པུ་ཡཱའི་འཕྲོད་བསྟེན་སྡེ་ཁག་གིས་གསལ་སྒྲོག་ནང་བཤད་རྒྱུར། འཇབ་རྒོལ་ཐེབས་པ་དེ་ནི་ཀ་ར་གོ་རེའི་བཟོ་གྲྭ་ཞིག་ཡིན་པ་དང་། འདས་པོ་བདུན་གྱི་གྲས་སུ་ལི་པུ་ཡཱའི་མི་གཉིས་དང་ཕྱི་རྒྱལ་གྱི་བཟོ་བ་ལྔ་འདུས་ཟེར། 

དེ་ལས་གཞན་བར་སྣང་འཇབ་རྒོལ་དེ་ལས་ད་རུང་མི་བཅོ་ལྔར་རྨས་ཕོག་ཡོད། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་རེད། 

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་བར་སྣང་འཇབ་རྒོལ་ལ་ཞུགས་པར་སྐྱོན་འཛུགས་བྱས་ཀྱང་། ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གིས་དོན་དེར་ལན་ཅི་ཡང་བྱིན་མེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།