ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ནོའུ་མན་ཏིས་རྣམ་པའི་མཐོ་རིམ་གྲོས་ཚོགས་ནས་མི་སྣ་ཕྱིར་གཏོང་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།
2019.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན། འཇར་མན། ཧྥ་རན་སི་བཅས་རྒྱལ་ཁབ་བཞིའི་ནོའུ་མན་ཏིས་རྣམ་པའི་མཐོ་རིམ་གྲོས་ཚོགས་སྟེང་། དམངས་ཁྲོད་དྲག་ཆས་པས་བཀག་འཇུག་བྱས་པའི་ཝུའུ་ཁི་ལན་གྱི་སྤྱི་དམངས་ཚང་མ་ཕྱིར་གཏོང་བ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ། ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་ཚོད་འཛིན་དབང་ཆ་སོགས་གནད་དོན་ལ་གྲོས་བསྡུར་བྱ་དགོས་ཟེར། 

ཙེ་ལེན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ལུའུ་ཀན་སི་ཁི་ཀྲིག་གི་ཞིབ་བཤེར་ས་ཚིགས་ཤིག་ལ་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཕ་རོལ་བས་ཁས་ལེན་བྱས་མེད་ཀྱང་ང་ཚོའི་མིང་ཐོའི་ཐོག་ཏུ་ཡོད་པའི་ཝུའུ་ཁི་ལན་གྱི་སྤྱི་དམངས་གར་ཡོད་འཚོལ་དགོས་པ་དང་། ཕྱོགས་ཡོངས་ནས་མི་སྣའི་མིང་ཐོ་དང་ཕ་རོལ་བའི་ཕྱིར་གཏོང་གི་ཆ་རྐྱེན་ལ་རྒྱུས་ལོན་བྱ་དགོས་ཟེར། 

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། གཙོར་བཟུང་ནས་གྲོས་བསྡུར་བྱ་དགོས་པའི་གནད་དོན་གཞན་ཞིག་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་གནད་དོན་ཡིན། ངེས་པར་དུ་ཝུའུ་ཁི་ལན་གྱི་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་མཚམས་བཞག་རྗེས། ཕྱོགས་གཞན་པས་འཁྲུག་རྩོད་བཟོས་ན་དགོས་ངེས་ཀྱི་འགན་འཁྲི་ཁུར་བར་བྱེ་བྲག་གི་གཏན་འཁེལ་བྱ་དགོས་ཟེར། ཁོས་ད་རུང་ཝུའུ་ཁི་ལན་གྱི་ཝུའུ་ཁི་ལན་ཤར་ཕྱོགས་དང་ཨུ་རུ་སིའི་འབྲེལ་མཚམས་ས་ཁུལ་གྱི་ཚོད་འཛིན་དབང་ཆ་སླར་གསོ་བྱེད་པའི་གནད་དོན་གླེང་བ་རེད།




ལོ་ཙཱ་བ། བསོད་ནམས་ཚེ་རིང་།