ཕུའུ་ཅིན་གྱིས་ལོ་མཇུག་གི་སྔོན་ལ་འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་སྤྱི་ཆིངས་གསར་བའི་ནུས་ལྡན་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་རེ་བ་བཏོན། 
2019.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་བསྟན་དོན། ད་ལོའི་ལོ་མཇུག་གི་སྔོན་དུ་འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་སྤྱི་ཆིངས་གསར་བའི་ནུས་ལྡན་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་རེ་བ་བཏོན།

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་རྒྱལ་སྲུང་པུའུ་དང་འབྲེལ་ཡོད་བཟོ་ལས་ཁེ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་སྤྱི་ཆིངས་གསར་བའི་ནུས་ལྡན་ཡུན་ཚད་མི་འགྱངས་པར་ལོངས་ལ་ཉེ་བ་དང་། ཨུ་རུ་སི་ཡིས་སྤྱི་ཆིངས་དེའི་ནུས་ལྡན་ཡུན་ཚད་ཇེ་རིང་དུ་གཏོང་འདོད་པ་ནི་ནམ་རྒྱུན་གྱི་འགྱུར་མེད་ལངས་ཕྱོགས་ཤིག་ཡིན་ཟེར། ཁོས་ཨུ་རུ་སིའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་ཏེ། ལོ་མཇུག་གི་སྔོན་ལ་མྱུར་མོར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ་སྤྱི་ཆིངས་དེའི་ནུས་ལྡན་ཡུན་ཚད་ཇེ་རིང་དུ་གཏོང་བའི་རེ་བ་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་དམག་དོན་སྒྲིག་ཆས་ཀྱི་འགྲན་རྩོད་སྤེལ་འདོད་མེད་པ་དང་། མིག་སྔར་འབྲིང་ཐུང་འཕེན་གྱི་འཕུར་མདའ་བཀོད་སྒྲིག་བྱས་མེད་པའི་ས་ཁུལ་དུ་འཕུར་མདའ་བཀོད་སྒྲིག་བྱ་འདོད་མེད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཁོས་སྔོན་ཆད་ཡོ་རོབ་གླིང་གི་རྒྱལ་ཁབ་དང་ཨ་མེ་རི་ཁར་འབོད་སྐུལ་བཏང་ཡང་། ཧྥ་རན་སི་ཁོ་ནས་ཕྱིར་ལན་བྱིན་ཡོད། དེ་ལས་ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་འབྱུང་སྲིད་པའི་འཇིགས་ཉེན་ལ་ཁ་གཏད་མི་འཇལ་ཐབས་མེད་བྱུང་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།