​ཕཱ་ཁི་སི་ཐན་ནས་དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་ནས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།
2019.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕཱ་ཁི་སི་ཐན་གྱི་ས་གནས་དཔོན་པོ་ཞིག་གིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་ཐོ་བརྒྱབ་རྗེས་མེར་འབར་བ་རེད། དེ་ལས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར། 

པུས་ལུའུ་ཀྲི་ཞིང་ཆེན་གྱི་ཚད་ལྡན་དམག་དཔུང་གི་དཔོན་པོ་ཁཱ་ཁཱ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པར་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱའི་བྱང་ཤར་ཕྱོགས་ཀྱི་ཙི་ཧའོ་པུའུ་ས་ཁུལ་ནས། རྡོ་སྣུམ་ཐོན་རྫས་ལྐོག་འཚོང་བྱེད་པའི་དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཁ་གཏད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ལ་ཐོ་བརྒྱབ། འགྲུལ་སྐྱེལ་རླངས་འཁོར་ནང་དུ་ཁ་ལོ་བ་དང་བཅས་པའི་མི་བཅུ་བཞི་ཡོད་པ་དང་། ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ཏི་ལཱ་ཅཱ་ཆི་ཧན་ནས་ཁོས་ཏཱ་རུ་བགྲོད་བཞིན་ཡོད་ཟེར། 

ཁཱ་ཁཱ་ཨར་གྱིས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་ཆུང་བ་དེ་ཐོ་བརྒྱབ་རྗེས་མེར་འབར་བ་དང་། མེ་ཆེན་གྱིས་ཅང་མ་འགོར་བར་འགྲུལ་སྐྱེལ་རླངས་འཁོར་ཡང་མེར་འབར་བ་རེད། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་སྐབས་རླངས་འཁོར་དེ་གཉིས་མེར་འབར་ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་ཁྲོད་དུ་བསྡོམས་པས་དངོས་སྐྱེལ་རླངས་འཁོར་ཆུང་བའི་སྟེང་གི་མི་གཉིས་དང་འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་འགྲུལ་བ་གཉིས་རླངས་འཁོར་ལས་ལྡིང་བས་སྲོག་ཉེན་ལས་ཐར་ཡང་རྨས་ལྗིད་མོ་ཕོག་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།