འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་བུད་རྗེས་ཨ་མེ་རི་ཁས་ཐོག་དང་པོར་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།
2019.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཨ་མེ་རི་ཁས་ཚེས་བཅུ་གཉིས་ཉིན་འཕེན་ཚད་སྤྱི་ལེ་ལྔ་བརྒྱ་ལས་བརྒལ་བའི་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས་པ་དང་། དེ་ནི་ཨ་མེ་རི་ཁ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་ཕྱིར་བུད་རྗེས་ཐོག་དང་པོར་འཕུར་མདའ་གཏོང་འཕེན་བྱས་པ་རེད། དེར་དམིགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་མྱུར་མོར་མཚོན་ཆར་ཚོད་འཛིན་བྱེད་པའི་ཆིངས་ཡིག་འགོད་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ། སྐམ་དམག་གི་དམག་དཔོན་ཁཱ་ཧྥོ་ཡིས་བཤད་རྒྱུར། དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་། ཅཱ་ལེ་ཧྥུའུ་ནེ་ནཱ་ཀྲིག་གི་ཧྥན་ཏིན་པའོ་མཁའ་དམག་རྟེན་གཞི་ནས་རྒྱུན་ལྡན་གྱི་མདེལ་མགོ་ཅན་གྱི་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས་པ་དང་། འཕུར་མདའ་དེའི་འཕེན་ཚད་སྤྱི་ལེ་ལྔ་བརྒྱ་ལས་བརྒལ་ཡོད་ལ། ཞི་བདེ་རྒྱ་མཚོ་ཆེན་མོའི་སྤྱི་མཐུན་གྱི་མཚོ་ཁོངས་སུ་ལྷུང་བ་རེད་ཟེར།
ཁཱ་ཧྥོ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པའི་མཇུག་འབྲས་ལ་དཔྱད་འཇོག་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་འཕུར་མདའི་གཏོང་འཕེན་ཚོད་ལྟ་ལས་ཐོབ་པའི་གཞི་གྲངས་དང་ཉམས་མྱོང་དེ་ཕྱིན་ཆད་ཀྱི་འབྲིང་འཕེན་འཕུར་མདའི་གསར་སྤེལ་ཁྲོད་བཀོལ་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁའི་བྱ་སྤྱོད་དེའི་ཐད་ནས། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ནུས་མེད་དུ་གྱུར་བའི་དབང་གིས། རྒྱལ་ཁབ་ཚང་མས་གཏན་འཇགས་དང་འཕེལ་རྒྱས་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱ་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་མཚོན་ཆའི་ཚོད་འཛིན་ཐད་ནས་ཐུན་མོང་གི་ལྟ་ཚུལ་གསར་བ་འགོད་དགོས་ཟེར།



བསོད་ནམས་ཚེ་རིང་།