​ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་མའོ་སི་ཁི་ནས་འཇིགས་སྐུལ་ཉེས་ཅན་ལྔ་འཛིན་བཟུང་བྱས།
2019.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། སྡེ་ཁག་དེས་ཨུ་རུ་སིའི་ནང་སྲིད་པུའུ་དང་མཉམ་དུ་མའོ་སི་ཁི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་འཛིན་བཟུང་བྱས་ཟེར། 

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་དང་ཨུ་རུ་སིའི་ནང་སྲིད་པུའུ་ཡིས་མའོ་སི་ཁི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་འཛིན་བཟུང་བྱས་པ་དང་། དེའི་ནང་མི་གཉིས་ནི་ཨུ་རུ་སིའི་མི་ཡིན་པ་དང་། མི་གཞན་པ་གསུམ་ནི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ཀྱི་མི་རེད་ཟེར། ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་དྲག་ཆས་ཉེས་ཅན་དེ་དག་གིས་འཇིགས་སྐུལ་བྱ་འགུལ་སྤེལ་བར་བཀག་འགོག་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས་ཁྲིམས་འཛིན་མི་སྣས་ཚོགས་ཁག་དེ་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འབྲེལ་གཏུག་བྱེད་པའི་འཕྲིན་གཏོང་ཡོ་བྱེད་དང་མེ་མདའ། འགད་རྫས་སྒྲིག་ཆས་སོགས་རྩད་ཆོད་ཡོད་ཟེར། གསལ་སྒྲོག་ལས་འགུལ་སྐྱོད་དེ་སྤེལ་བའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། 

མིག་སྔར་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།