​ཡེ་མིན་སྲིད་གཞུང་དམག་དཔུང་ལ་ཧུའུ་སེ་དྲག་ཆས་པའི་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་།
2020.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཡེ་མིན་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་གི་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་དུ་ཡོད་པའི་དམག་དོན་རྟེན་གཞི་ཞིག་ལ་ཉིན་དེའི་དགོང་མོར་ཧུའུ་སེ་དྲག་ཆས་པའི་འཕུར་མདའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་འཕྲོད་བསྟེན་སྡེ་ཁག་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འཕུར་མདའ་ཞིག་གཏོང་འཕེན་བྱས་ཏེ་སྲིད་གཞུང་དམག་དཔུང་གི་མཱ་ལི་པུའུ་ཞིང་ཆེན་བྱང་ཤར་ཕྱོགས་སུ་ཡོད་པའི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས། དོན་རྐྱེན་བྱུང་སྐབས་སྲིད་གཞུང་དམག་དཔུང་གིས་སྦྱོང་བརྡར་བྱ་འགུལ་ཞིག་མཇུག་སྒྲིལ་ནས། རྟེན་གཞིའི་ནང་གི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་ཕྱག་འཚལ་དུ་འགྲོ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། འཇབ་རྒོལ་དེ་ལས་ད་རུང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་དོན་དེའི་ཐད་ནས་ད་རུང་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།