ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།
2020.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 80

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་ནས། བདེ་འཇགས་མི་སྣས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སར་རྟོག་ཞིབ་བྱེད་བཞིན་པ། 

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ནས་ཉིན་དེར་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་། མིག་སྔར་དོན་རྐྱེན་དེ་ལས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་དགུར་རྨས་ཕོག་ཡོད། མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། ཁོས་ཏཱའི་གསར་འགོད་པའི་སྤྲོ་སྐྱིད་ཁང་གི་འགྲམ་དུ་ལས་འགན་ལག་བསྟར་བྱེད་པའི་ཉེན་རྟོག་པའི་རླངས་འཁོར་ཞིག་གི་ཉེ་འགྲམ་ནས། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་། མི་སྣར་ཤི་རྨས་བྱུང་བ་ལས་གཞན་ཉེ་འཁོར་གྱི་རླངས་འཁོར་དང་ཁང་བར་ཡང་གཏོར་བརླག་ཐེབས་ཡོད། པུས་ལུའུ་ཀྲི་ཞིང་ཆེན་གྱི་དཔོན་རིགས་ཀྱིས་འགས་གཏོར་དོན་རྐྱེན་དེ་ནི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པར་བདེན་དཔང་བྱས་པ་དང་། འདས་པོའི་གྲས་སུ་ཉེན་རྟོག་པ་གསུམ་འདུས་ཡོད་ཟེར། 

ས་དེའི་སྨན་ཁང་གིས་བསྒྲགས་པ་ལྟར་ན། རྨས་མའི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་པས་འགས་གཏོར་དོན་རྐྱེན་དེ་ལས་བཟོས་པའི་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར། 

མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཡོད་པ་དང་ཁོས་ཏཱ་གྲོང་ཁྱེར་ནང་ཁུལ་དུ་སྔོག་བཤེར་འགུལ་སྐྱོད་སྤེལ་བཞིན་ཡོད།




ལོ་ཙཱ་བ། བསོད་མས་ཚེ་རིང་།