ཕུའུ་ཅིན་གྱིས་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡར་ཐག་གཅོད་པར་ཡིད་འཐད་བྱུང་། 
2020.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ད་ལོའི་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡར་ཐག་གཅོད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་རྩོམ་འབྲི་བྱ་བའི་ཚན་ཆུང་གི་ཁོངས་མིར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་གྲོས་གཞིར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 

ཉིན་དེའི་སྔ་དྲོར། ཨུ་རུ་སིའི་གྲོས་ཁང་གོང་མའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁི་ལེ་ཧྲི་སི་ཡིས་བཤད་རྒྱུར། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་རྩོམ་འབྲི་བྱ་བའི་ཚན་ཆུང་གིས་གྲོས་བསྡུར་བྱས་རྗེས། ད་ལོའི་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡར་ཐག་གཅོད་པའི་ཐད་ནས་ཙུང་ཐུང་ལ་གྲོས་གཞི་བཏོན་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།