ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བརྒྱད་དང་སྟོང་དྲུག་བཞི་བརྒྱ་སོ་བཞིར་བསླེབ་ཡོད།
2020.03.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བརྒྱད་དང་སྟོང་དྲུག་བཞི་བརྒྱ་སོ་བཞིར་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་དོན་བཞི་ཡིན་པ་དང་། བསྡོམས་པས་ཁྲི་བབརྒྱད་དང་སྟོང་དྲུག་བཞི་བརྒྱ་སོ་བཞིར་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་བརྒྱད་བརྒྱ་དང་ཞེ་བརྒྱད་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་གསུམ་དང་སུམ་བརྒྱ་གྱ་བརྒྱད་དུ་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་གསུམ་འཕར་ཡོད་ལ། བསྡོམས་པས་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་ལྔ་བརྒྱ་བཅུ་གཅིག་ཏུ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་བརྒྱད་བརྒྱ་དང་རེ་གཉིས་འཕར་ནས། བསྡོམས་པས་སྟོང་དྲུག་དང་དྲུག་བརྒྱ་དྲུག་ཏུ་བསླེབ་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།