འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་རྐྱེན་ལམ་དུ་ཤོར་ཚད་ཁྲི་གསུམ་ལས་བརྒལ། 
2020.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྒྲགས་པའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་རྐྱེན་ལམ་དུ་ཤོར་ཚད་ཁྲི་གསུམ་དང་བརྒྱ་དང་ལྔར་བསླེབ་ཡོད། 

གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་དྲུག་དང་ཁྲི་གསུམ་སྟོང་བརྒྱད་བརྒྱ་དང་ཞེ་དྲུག་ཏུ་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་བརྒྱ་དང་ལྔར་བསླེབ་ཡོད། མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་དང་གཉིས་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་ཞིབ་འཇུག་གསར་གཏོད་བྱེད་པར་ཉུང་མཐར་ཡང་ཟླ་ངོ་བཅུ་གཉིས་ནས་ཟླ་ངོ་བཅོ་བརྒྱད་མཁོ་བ་དང་། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་གསོ་བཅོས་བྱེད་ཐབས་ཀྱི་ནད་ཐོག་ཚོད་ལྟ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།