ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་པྲོག་དབྱིབས་ནད་དུ་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། པྲོག་དབྱིབས་ནད་དུ་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་པྲོག་དབྱིབས་ནད་དུག་གསར་བ་འཛམ་གླིང་ཧྲིལ་བོར་རྒྱ་ཡན་དུ་སོང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་རང་རང་གི་རིམས་འགོག་ཐད་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས། ཕྱོགས་གཉིས་ཀྱིས་ད་རུང་རིམས་འགོ་ཐད་ནས་རྒྱལ་ཁབ་གཉིས་ཀྱི་རོགས་ལས་ལ་ཤུགས་སྣོན་པའི་གནད་དོན་ལ་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མིག་སྔའི་འཛམ་གླིང་རྡོ་སྣུམ་ཚོང་རའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལྟར་ན། ཐི་ལིང་ཕུའུ་དང་ཕུའུ་ཅིན་གྱིས་ཉིན་དེར་ཁ་པར་གཏོང་སྐབས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱས་པའི་གནས་ཚུལ་དང་བྱེད་ཐབས་གསར་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྐྱེན་སྲོལ་ལས་མཉམ་ལས་ཟབ་མོ་བྱེད་པ་དང་། མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རིམས་ནད་འགོག་བཅོས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ད་རུང་ཝེ་ནེ་ཙུའེ་ལཱའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་སྤྱིའི་ནུས་ཁུངས་ཚོང་རའི་གཏན་འཇགས་ཀྱི་གལ་ཆེན་རང་བཞིན་ཐད་གཅིག་གྱུར་གྲོས་འཆམ་བྱུང་། 

དེ་ལས་གཞན་ཕུའུ་ཅིན་གྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་སོ་སོར་སྡོད་པའི་ཙུང་ཐུང་གི་ཚབ་བྱེད་འཐུས་མི་དང་མཉམ་དུ་བརྙན་རིས་གྲོས་ཚོགས་སྤེལ་སྐབས་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་གིས་སྤྱད་པའི་རིམས་འགོག་བྱེད་ཐབས་ནི་ཕན་ནུས་ལྡན་པ་ཞིག་ཡིན་ཡང་། ཁ་ཚ་དགོས་གཏུག་གི་གནད་དོན་ནི་སྔར་བཞིན་པྲོག་དབྱིབས་ནད་དུག་གསར་བར་ཚོད་འཛིན་བྱེད་རྒྱུ་དེ་ཡིན་ཟེར། ཕུའུ་ཅིན་གྱིས་ཨུ་རུ་སིའི་ས་ཁུལ་སོ་སོའི་སྡོད་དམངས་ཀྱིས་རང་ཁྱིམ་ནས་ཁ་ཁར་དགར་བའི་བྱ་བ་བཟང་བོར་བསྒྲུབས་དགོས་པའི་འབོད་སྐུལ་བཏང་བ་དང་། ས་ཁུལ་སོ་སོས་འཚོ་བའི་མཁོ་དངོས་ཀྱི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན། དེའི་ཞོར་དུ་སྨན་རྫས་འཚོང་ཁང་དང་ཟས་རིགས་འཚོང་ཁང་སོགས་ཀྱི་མཁོ་འདོན་བྱ་བ་བཟང་བོར་བསྒྲུབས་ཏེ། རིན་གོང་གང་འདོད་དུ་འཕར་བའི་སྣང་ཚུལ་སོགས་འབྱུང་དུ་འཇུག་མི་རུང་ཟེར། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་གིས་འཚོ་བའི་མཁོ་དངོས་གསོག་འཇོག་རྐྱེན་སྲོལ་བཙུགས་ནས་རིམས་ནད་འགོག་བཅོས་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སིའི་རིམས་ནད་བཀོད་འདོམ་པུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཨུ་རུ་སིའི་མངའ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་སོ་དྲུག་ལ་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་དགུ་རྐྱེན་ལམ་དུ་ཤོར་ཡོད་ལ། ནད་པ་རེ་དྲུག་དྲག་སྐྱེད་བྱུང་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།