རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 
2020.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པ་ཚེས་བཅོ་བརྒྱད་ཉིན་བརྙན་རིས་གྲོས་ཚོགས་ཀྱི་ཐབས་ལ་བརྟེན་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གཏམ་བཤད་སྤེལ་སྐབས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འགོག་སྨན་དང་སྨན་བཅོས་བྱེད་ཐབས་དག་འཛམ་གླིང་ཡོངས་ཀྱིས་མཉམ་སྤྱོད་བྱེད་དགོས་པ་ནན་བཤད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནས་ང་ཚོས་མཐུན་སྒྲིལ་གྱི་སྣང་ཚུལ་རེ་འགའ་མཐོང་ཡང་གཅིག་གྱུར་མཐུན་སྒྲིལ་གྱི་སྣང་ཚུལ་ཕལ་ཆེར་མཐོང་ཐབས་མི་འདུག རྒྱལ་ཁབ་མི་འདྲ་བས་ཕན་ཚུན་འགལ་ཟླར་གྱུར་བའི་ཐག་གཅོད་ཐབས་ཇུས་ལག་བསྟར་བྱས་ཡོད་ལ། ང་ཚོས་དེའི་དོན་དུ་རིན་དོད་ཆེན་པོ་བཏང་ཡོད་ཟེར། 

ཁོས་བསྟན་དོན། རྒྱལ་ཁབ་མང་བོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་གཞི་སྣང་མེད་དུ་བསྐྱུར་ནས། ནད་དུག་དེ་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་བཏང་ཡོད་ལ། དེའི་ཤུགས་རྐྱེན་ལ་གཏོར་བརླག་རང་བཞིན་ལྡན། ད་ལྟ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱེད་པའི་སྐབས་ཡིན་པ་དང་། ང་ཚོས་མཉམ་དུ་འབད་བརྩོན་བྱེད་པ་དང་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ནད་དུག་རྒྱ་ཡན་དུ་འགྲོ་བར་བཀག་འགོག་དང་དེའི་ཤུགས་རྐྱེན་ཁྱད་བསལ་བྱེད་དགོས་ཟེར། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བཤད་རྒྱུར། མི་ཚང་མར་ཤུགས་རྐྱེན་ཐེབས་པའི་སྔར་མེད་ཀྱི་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་མདུན་ནས་ངེས་པར་དུ་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་། རིག་པ་གསལ་བའི་སྒོ་ནས་ནུས་ལྡན་འགུལ་སྐྱོད་སྤེལ་དགོས་ཟེར། ཁོས་བསྟན་དོན། མིག་སྔར་ཁ་ཚ་དགོས་གཏུག་གི་གནད་དོན་ཉག་ཅིག་ནི་རིམས་ནད་དེ་འགོག་བཅོས་བྱེད་པ་དེ་ཡིན། རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས། ཐེབས་རྩ་ཚོགས་པ། སྨན་རྫས་བཟོ་ལས། དེ་མིན་སྤྱིར་བཏང་གི་སྤྱི་དམངས་སོགས་གང་ཡིན་ཡང་བྱས་རྗེས་བཞག་ཆོག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚན་རིག་ཆེད་ལས་ཀྱི་ཤེས་བྱ་དང་ས་ཁུལ་སོ་སོའི་རིམས་ནད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་བརྒྱུད་དེ། གཞན་གྱིས་བསྒྲུན་དུ་མེད་པའི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ང་ཚོར་སྟོབས་དང་ལྡན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཤིག་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་དགོས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དེ་ང་ཚོ་ཁོངས་གཏོགས་རྒྱལ་ཁབ་ཚང་མར་དབང་བ་ཡིན་ཟེར། མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཤིང་། གསོ་རིག་ཞིབ་འཇུག་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མི་ཚང་མར་རིམས་འགོག་ཡོ་བྱད་ཐོབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནི་འཛམ་གླིང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་མཐུན་རྒྱལ་སྤྱིའི་ལས་ཁུངས་ཤིག་ཡིན་པ་དང་། རྒྱལ་ཁབ་སོ་སོས་མུ་མཐུད་དུ་འབད་བརྩོན་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བའི་ལས་རིམ་ལེགས་བཅོས་བྱས་ཏེ། རྒྱུན་མཐུད་ཀྱི་མ་དངུལ་རྒྱབ་སྐྱོར་ལ་འགན་སྲུང་བྱེད་དགོས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ན་ང་ཚོ་རིམས་ནད་དེ་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་ངེས་པར་དུ་ཉམས་མྱོང་མཉམ་སྤྱོད་དང་ངེས་པར་དུ་རྒྱལ་ཁོངས་བརྒལ་བའི་མཉམ་ལས་སྤེལ་དགོས། དེ་ལས་གཞན་འགོག་སྨན་དང་གསོ་བཅོས་བྱེད་ཐབས་དེ་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འདྲ་མཉམ་གྱིས་བགོ་བཤའ་བྱེད་དགོས། ཉམས་ཉེན་གྱི་མདུན་ནས་མིའི་རིགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་དང་མཉམ་ལས་གདམ་གསེས་བྱེད་དགོས་པ་ལས་མི་སྒེར་གྱི་ཁེ་ཕན་བསམ་མི་རུང་ཟེར། 

དབྱིན་ཇིའི་འཐུས་མིས་གཏམ་བཤད་སྤེལ་སྐབས་བསྟན་དོན། འཛམ་གླིང་གིས་ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་ནད་དུག་ལ་འགོག་རྒོལ་བྱེད་དགོས། དོན་དམ་པར་ང་ཚོ་ཚང་མ་འཐབ་རྩོད་འདིའི་ཁྲོད་ཀྱི་ཕྱོགས་གཅིག་ཡིན་ལ། རྒྱལ་ཁ་བླངས་ན་ང་ཚོ་ཚང་མའི་ཁེ་ཕན་དང་འཚམ་པ་ཡིན་ཟེར། 

ཨུ་རུ་སིའི་འཐུས་མིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དེ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་གྱི་རྒྱལ་སྤྱིའི་མཐུན་སྦྱོར་ལྟེ་གནས་ཡིན་པའི་ནུས་པར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ཀྱི་ཕྱོགས་མང་མཐུན་སྦྱོར་བྱ་བར་ཡང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨུ་རུ་སི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་མ་དངུལ་དང་ཕྱོགས་གཞན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས་དེས་ནུས་པ་འདོན་སྤེལ་བྱེད་པར་རོགས་རམ་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མཉམ་དུ་འབད་བརྩོན་བྱས་ན་འཛམ་གླིང་ཡོངས་ཧྲིལ་བོ་ད་གཟོད་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཟེར། 

པཱ་པཱ་ཏའོ་སིའི་ཙུང་ལི་དང་ཅཱ་ལེ་པུས་ཐུན་མོང་ཚོགས་པའི་ཀྲུའུ་ཞི་མའོ་ཐི་ལེ་ཡིས་བསྟན་དོན། ང་ཚོར་འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་མཐུན་སྦྱོར་གཅིག་གྱུར་གྱི་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་ནུས་པ་མཁོ་བ་དང་། སྤྱི་ཚོགས་ཚང་མ་དེའི་ནང་ཟབ་ཞུགས་བྱེད་དུ་འཇུག་དགོས་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ལཱ་མཱ་ཧྥུའུ་སཱ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་ནད་འགོག་རྒོལ་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་ནན་བཤད་བྱས་པ་དང་། ཨ་ཧྥེ་རི་ཁ་གླིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་བསྐྱར་སྒྲོག་བྱས། ཁོས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ནང་ཁུལ་གྱི་མཉམ་ལས་དང་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་སྨན་བཅོས་སྒྲིག་ཆས་ཀྱི་འདྲ་མཉམ་བེད་སྤྱོད་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།