ཨ་མེ་རི་ཁའི་ཉིས་སྟོང་བཅུ་དགུ་ལོའི་བྱིས་པ་གསོ་ཚད་ལོ་སོ་ལྔ་ཡི་རིང་ཆེས་ཉུང་ཤོས་སུ་སླེབས།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཨ་མེ་རི་ཁའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོར་ཨ་མེ་རི་ཁ་ཡོངས་སུ་བྱིས་པ་དམར་འབྱར་ས་ཡ་གསུམ་དང་འབུམ་བདུན་སྐྱེས་པ་དེ་ནི། ལོ་སོ་ལྔའི་རིང་གི་བྱིས་པ་གསོ་ཚད་ཆེས་ཉུང་ཤོས་སུ་སླེབས།

ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྙན་ཞུའི་ནང་དོན་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ན་ནིང་བྱིས་པ་སྐྱེས་པའི་དཔང་ཡིག་བྱིན་ཚད99%ལས་བརྒལ་ཡོད་པ་རེད། བརྟག་དཔྱད་ལས་མངོན་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོ་དང་བསྡུར་ན། ན་ནིང་ཨ་མེ་རི་ཁ་ཡོངས་ནས་བྱིས་པ་སྐྱེས་པའི་མི་གྲངས་བརྒྱ་ཆའི་གཅིག་གིས་ཇེ་ཉུང་དུ་སོང་ཡོད།

བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ལོ34མན་གྱི་ཨ་མེ་རི་ཁའི་བུད་མེད་ཀྱི་ཕྲུ་གུ་སྐྱེ་ཚད་ན་ནིང་མར་ཆག་པ་དང་། ལོ40ལ་སླེབས་པའི་ཨ་མེ་རི་ཁའི་བུད་མེད་ཀྱི་ཕྲུ་གུ་སྐྱེ་ཚད་མཐོ་རུ་ཕྱིན་ཡོད། ཆེད་མཁས་པས་ངོས་འཛིན་བྱས་པ་ལྟར་ན། རྒྱུ་རྐྱེན་མང་པོ་ཞིག་གིས་ལོ་ན་མི་འདྲ་བའི་བུད་མེད་ཀྱི་ཕྲུ་གུ་སྐྱེ་ཚད་ལ་འགྱུར་ལྡོག་འབྱུང་དུ་འཇུག་པ་དང་། དེའི་ཁྲོད་ཀྱི་འདུ་ཤེས་ལ་འགྱུར་ལྡོག་འབྱུང་བ་ནི་རྒྱུ་རྐྱེན་གཙོ་བོ་རེད། དེང་སྐབས་མི་མི་ཉུང་བ་ཞིག་གིས་ཕྲུ་གུ་སྐྱེ་རྒྱུ་ཕྱིར་འགྱངས་བྱེད་པ་དང་ཕྲུ་གུ་དགོས་ཀྱང་མང་པོ་མི་དགོས་པ་ནི་རྒྱུ་རྐྱེན་གཙོ་བོ་རེད་ཟེར།

ཁོ་ལོམ་པི་ཡ་སློབ་ཆེན་གྱི་མི་འབོར་དང་ཁྱིམ་ཚང་གི་བདེ་ཐང་དགེ་རྒན་ཆེ་མོ་བ་ཡོ་ཧན·ཧྲེང་ཐའེ་ལིས་ངོས་འཛིན་བྱས་པ་ལྟར་ན། དཔལ་འབྱོར་རྒྱུ་རྐྱེན་གྱིས་མི་འབོར་སྐྱེ་ཚད་ལ་འགྱུར་ལྡོག་བྱུང་མོད། འོན་ཀྱང་དུས་ཐུང་ལས་ཞུགས་གནས་ཚུལ་ནི་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མིན། མི་མི་ཉུང་བ་ཞིག་གི་ལས་ཀའི་གླ་ཆ་དམའ་ལ་བརྟན་པོ་མེད། དེའི་ཁར་ཁང་གླ་མཐོ་བ་སོགས་རྒྱུ་རྐྱེན་གཞན་དག་གི་དབང་གིས། ཁོ་ཚོས་ཕྲུ་གུ་དགོས་མིན་ཐག་གཅོད་བྱེད་སྐབས་སྔར་ལས་གཟབ་ནན་ཅན་དུ་གྱུར་ཡོད་ཟེར།

སྙན་ཞུའི་རྩོམ་པ་པོ་གཙོ་བོ་པུའུ་ལེ་ཏི·ཧན་སྨིར་ཏུན་གྱིས་བཤད་རྒྱུར། མིག་སྔར་ད་ལོའི་བུ་བཙའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་འབྱུང་མིན་གསལ་བོ་མི་ཤེས། ཨའེ་མོ་ལི་སློབ་ཆེན་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རིན་ཏན་ཉི་སི·ཅ་སྨི་སེན་གྱིས། པྲོག་དབྱིབས་ནད་དུག་གསར་པའི་མདུན་ལྗོངས་ཀྱི་སེམས་ཁྲལ་དེས། བུད་མེད་ཁ་ཤས་ལ་ཕྲུ་གུ་དགོས་མིན་ཐད་བསམ་བློ་མང་པོ་གཏོང་དགོས་པའི་དཀའ་ངལ་ལ་འཕྲད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།