འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་རིམས་འགོག་གི་ཞོར་དུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 
2020.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ས་ཡ་ལྔ་ལས་བརྒལ་ཡོད་པ་དང་། འཛམ་གླིང་ཡོངས་ཀྱིས་ཕན་ཚུན་སློབ་སྦྱོང་དང་མཐུན་སྒྲིལ་བྱས་ཏེ་རིམས་འགོག་བྱེད་པའི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད། རྩ་འཛུགས་དེས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རིམས་འགོག་གི་ཞོར་དུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུར་འགན་སྲུང་བྱེད་པ་དང་། ཁྱད་པར་དུ་རྒྱུན་སྲོལ་གྱི་བྱིས་པའི་འགོག་སྨན་བརྒྱག་པའི་ཞབས་ཞུར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་མ་ལག་གི་ནུས་པ་ཞན་པས་སྔོན་འགོག་ཐུབ་པ་དང་གསོ་བཅོས་ཐུབ་པའི་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཇེ་མང་དུ་འགྲོ་སྲིད། དེ་བས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རིམས་འགོག་གི་ཞོར་དུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུའི་རྒྱུན་སྐྱོང་བར་འགན་སྲུང་བྱེད་དགོས་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། ཆེས་གལ་ཆེ་བའི་འཕྲོད་བསྟེན་ཞབས་ཞུའི་རྒྱུན་སྲོལ་གྱི་བྱིས་པའི་རིམས་འགོག་འགོག་སྨན་བསྟེན་པར་རིམས་ནད་དབང་གིས་ཤུགས་རྐྱེན་ཐེབས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཞབས་ཞུ་དེ་ལས་ཉུང་མཐར་ཡང་རྒྱལ་ཁབ་རེ་བརྒྱད་ལ་བཀག་རྒྱ་ཆེན་པོ་ཐེབས་ཡོད་ལ། རྒྱལ་ཁབ་དེ་དག་ཏུ་འཚོ་བཞིན་པའི་ལོ་གཅིག་མན་གྱི་བྱིས་པ་བྱེ་བ་བརྒྱད་ཙམ་ལ་གནོད་པ་ཐེབས་སྲིད། བྱིས་པའི་འགོག་སྨན་བརྒྱག་པའི་ཞབས་ཞུ་མཚམས་བཞག་ནི་ཚེ་སྲོག་གི་འཇིགས་ཉེན་ཆེན་པོ་ཞིག་རེད་ཟེར། 

ཐན་ཏི་སེ་ཡིས་བསྟན་དོན། གནད་དོན་དེར་དམིགས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་ཡོངས་ཀྱི་འགོག་སྨན་མནའ་འབྲེལ། དེའི་གྲོགས་པོ་གཞན་པ་བཅས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ལོ་ངོ་བཅུ་ལྷག་གི་རིང་ལ་འགོག་སྨན་གྱིས་སྔོན་འགོག་ཐུབ་པའི་བྱིས་པའི་རིམས་ནད་འགོག་པའི་ཐད་ནས་བླངས་པའི་གྲུབ་འབྲས་དེ་པྲོག་དབྱིབས་ནད་དུག་གི་དབང་གིས་ཆུད་ཟོས་སུ་འགྲོ་བར་དོགས་ཟོན་བྱེད་དགོས། ཞོར་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་བར་མཉམ་ལས་བྱས་ཏེ། མཁོ་འདོན་མུ་འབྲེལ་གྱི་སྒོ་འབྱེད་དང་ཚེ་སྲོག་སྐྱོབ་པའི་འཕྲོད་བསྟེན་ཞབས་ཞུ་དེས་སྡོད་ཁུལ་ཚང་མར་ཕན་ཐོགས་པར་འགན་སྲུང་བྱེད་དགོས་ཟེར། 

དེ་ལས་གཞན་ཉིན་དེར་སྤེལ་བའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། ཐན་ཏི་སེ་ཡིས་མིག་སྔར་གྲོལ་བའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དང་འབྲེལ་བའི་གྲོས་ཆོད་ནི་ལོ་རྒྱུས་རང་བཞིན་ལྡན་པ་དང་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་ལས་ཀྱིས་མཉམ་དུ་རིམས་འགོག་བྱེད་པར་ཕན་ཐོགས་ཡོད་པའི་ཚུལ་བསྟན། ཁོས་ད་རུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་ནད་བྱུང་བའི་ཚུན་གྱི་བྱ་བ་གཙོ་བོར་སྤྱི་བསྡོམས་བྱས། དེའི་ནང་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་རྒོལ་ཁྲོད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རིམས་ནད་ཀྱི་འཕེལ་རྒྱས་ལ་དབྱེ་ཞིབ་བྱས་ནས་གྲོས་གཞི་འདོན་པ། རིམས་ནད་དང་འབྲེལ་བའི་བརྡ་འཕྲིན་འབྲེལ་འདྲིས་སྤེལ་བ། མཐུན་སྦྱོར་གཞོགས་འདེགས་ཀྱིས་རིམས་འགོག་དངོས་སྐྱེལ་ལེན་བྱེད་པ། ཆེད་ལས་མཛུབ་སྟོན་བྱེད་པ། པྲོག་དབྱིབས་ནད་དུག་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་ལ་རྩ་འཛུགས་བྱེད་པ། དེ་མིན་རྒྱལ་ཁབ་སོ་སོས་འགོག་སྲུང་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པར་རོགས་རམ་བྱེད་པ་སོགས་འདུས་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།