​ཨུ་རུ་སི་ཡིས་སི་རི་ཡཱ་ལ་མུས་ཀི-29རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཞིག་རྩིས་སྤྲོད་བྱས།
2020.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཉིན་དེར་སི་རི་ཡཱ་རྒྱལ་ཁབ་ལ་མུས་ཀི-29རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཞིག་རྩིས་སྤྲོད་བྱས་ཟེར། 

སི་རི་ཡཱའི་ཧི་མེད་མུས་མུའུ་རུ་སྡོད་པའི་མཁའ་དམག་རྟེན་གཞི་ནས་ཚེས་སུམ་ཅུའི་ཉིན་མཛད་སྒོ་སྤེལ་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་མཛད་སྒོའི་སྟེང་སི་རི་ཡཱའི་ཕྱོགས་ལ་མུས་ཀི-29རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཞིག་རྩིས་སྤྲོད་བྱས། འཐབ་འཛིང་གནམ་གྲུ་དེ་དག་ཧི་མེད་མུས་མུའུ་རྟེན་གཞི་ནས་འཕུར་ཏེ་སི་རི་ཡཱའི་དམག་བཀོལ་གནམ་གྲུ་སོ་སོར་བཀོད་སྒྲིག་བྱས་ཏེ། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་ལས་འགན་ལག་བསྟར་བྱེད་རྒྱུ་རེད་ཟེར། 

སི་རི་ཡཱའི་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། དེ་ནི་ཨུ་རུ་སི་ཡིས་སི་རི་ཡཱ་རྒྱལ་ཁབ་ལ་རྩིས་སྤྲོད་བྱས་པའི་མུས་ཀི-29རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཁག་གཉིས་པ་ཡིན་པ་དང་། རབས་སྔོན་མའི་འཐབ་འཛིང་གནམ་གྲུ་དང་བསྡུར་ན་སྔོན་ཐོན་དང་ཕན་ནུས་ལྡན་པ་ཞིག་ཡིན་ཟེར། 

མུས་ཀི-29རྟགས་ཅན་ནི་སུའུ་ལེན་གྱིས་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་ཞིབ་འཇུག་གསར་སྤེལ་བྱས་པའི་འཐབ་འཛིང་གནམ་གྲུ་འབྲིང་ཞིག་ཡིན་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།